ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དིང་རིའི་ཡུལ་མི་འདི་དག་མགྱོགས་པོ་ཁང་པ་གསར་པར་སྤོ་རྒྱུ་རེད་འདུག

སྤེལ་དུས 2025-08-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ད་ལོའི་ཟླ་དང་པོའི་ཚེས7ཉིན། བོད་ལྗོངས་དིང་རིར་ས་ཡོམ་རིམ་པ6.8བརྒྱབ་པ་དང་། གྲམ་སོ་ཞང་ཟིང་དཀར་གྲོང་ཚོ་ནི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་གྲོང་ཚོའི་གྲས་ཤིག་རེད། གྲོང་ཚོ་དེ་ཡོངས་ཀྱི་དུད་ཁྱིམ125ཡི་ཁང་པ་ཚང་མར་གཏོར་སྐྱོན་ཕོག་ཡོད། བསྐྱར་སྐྲུན་བྱེད་སྐབས་གྲོང་མི600ལྷག་བྲལ་མི་ཕོད་པའི་ངང་ནས་ཁང་པ་རྙིང་པ་དང་ཁ་བྲལ་ཡོད། མིག་རྡེབ་ཡུན་ཙམ་ལ་ལོ་ཕྱེད་ལྷག་གི་དུས་ཚོད་འདས་ཟིན་ཞིང་། དུས་ཚོད་དེའི་རིང་ཟིང་དཀར་གྲོང་ཚོའི་ཁང་པ་གསར་རྒྱག་ལས་གྲྭའི་འཕེལ་རིམ་གང་འདྲ་ཞིག་ལ་སླེབས་ཡོད་དམ། གྲོང་མི་ཚོ་ག་དུས་ཁང་པ་གསར་པའི་ནང་སྤོ་ཐུབ་བམ་ཞེ་ན། 
             གསར་འགོད་པ་ཡང་བསྐྱར་ཟིང་དཀར་གྲོང་ཚོར་སླེབས་སྐབས། ས་ཡོམ་རྒྱག་སྐབས་གཏོར་སྐྱོན་ཚབས་ཆེན་ཕོག་པའི་གྲོང་ཚོའི་བགྲོད་ལམ་ད་ཆ་ཁོད་སྙོམས་པའི་བགྲོད་ལམ་གསར་རྐྱང་ཞིག་ཏུ་གྱུར་ཡོད་པ་དང་། ལམ་གཡས་གཡོན་དུ་ཡོད་པའི་སྟབས་བདེའི་ཁང་པའི་ཁུལ་དུ་བོད་ཟས་ཁང་མི་ཉུང་བ་ཞིག་བཙུགས་ཡོད། སྟབས་བདེའི་ཁང་པའི་ནང་མི་མཐོང་རྒྱུ་མེད་པས། རྩད་གཅོད་བྱས་པ་བརྒྱུད་གྲོང་མི་ཚོ་ཁང་པ་གསར་པ་རྒྱག་སར་རོགས་བྱེད་པར་ཕྱིན་པ་ཤེས་ཡོད།

             ཟིང་དཀར་གྲོང་ཚོའི་གྲོང་མི་ཚེ་བརྟན་བུ་ཁྲིད་ཀྱིས། རང་ཉིད་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་བཞིན་ཡོད་པས། རོགས་པར་འགྲོ་ལོས་དགོས་ཞེས་བཤད། 
             ཚེ་བརྟན་བུ་ཁྲིད་ཀྱིས། ཁང་པ་བསྐྱར་སྐྲུན་གྱི་ལས་གྲྭ་འགོ་ཚུགས་པ་ནས་བཟུང་། གྲོང་མི་ཚོས་མ་སྐུལ་དང་བླངས་ཀྱིས་རེས་མོས་ངང་རོགས་བྱེད་པར་འགྲོ་ཡི་ཡོད། ཚང་མར་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ཆེད་དུ་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་རྒྱུའི་སྤྲོ་སེམས་ཆེན་པོ་ཡོད་ལ། ད་དུང་ངལ་རྩོལ་ལ་བརྟེན་ནས་རང་ཉིད་ཀྱི་ཡོང་འབབ་མང་དུ་གཏོང་ཐུབ་ཀྱི་ཡོད་ཅེས་བཤད། གསར་འགོད་པས་གྲལ་སྟར་སྒྲིག་པའི་སྡོད་ཁང་གསར་རྐྱང་དག་ལས་འཚོ་བ་གསར་པའི་རེ་བ་མཐོང་ཡོད།

             གྲོང་ཚོའི་ཐང་ཆེན་གསར་པའི་ཐོག གསར་འགོད་པར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཐུག་ཡོད། ཕྱིར་དྲན་བྱེད་དུས། ས་ཡོམ་བརྒྱབ་མ་ཐག་པའི་སྐབས་ཧྲུའུ་ཅི་པ་སངས་ཀྱི་ལུས་ལ་ཐལ་རྡུལ་གྱིས་ཁེངས་ཤིང་། ངོ་གདོང་ལ་སེམས་ཁྲལ་དང་ངལ་དུབ་ཀྱིས་ཁེངས་ཡོད་མོད། ད་ཆ་ཧྲུའུ་ཅིའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་མངོན་ཞིང་། མིག་ཟུང་ནས་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད་པའི་ཉམས་འགྱུར་མངོན་བཞིན་ཡོད། 

             དིང་རི་རྫོང་གྲམ་སོ་ཤང་ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས། ད་ཐེངས་གསར་དུ་བརྒྱབ་པའི་ཁང་པ126ཡོད། ཟླ8པའི་ཚེས15ཉིན་ཁང་པའི་ནང་སྤོ་རྒྱུ་རེད། སེམས་སུ་དགའ་ཚོར་ཆེན་པོ་འདུག་ཅེས་བརྗོད་ཡོད།

             ཟིང་དཀར་གྲོང་ཚོའི་ཧྲང་ཧའེ་རོགས་སྐྲུན་རྣམ་གྲངས་ཀྱི་རྣམ་གྲངས་སྤྱི་གཉེར་ཀན་ཧྲུའུ་ཡིས། ང་ཚོས་ཟླ8པའི་ཚེས15ཉིན་རྣམ་གྲངས་ཀྱི་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་རྗེས། རྩིས་སྤྲོད་ཀྱི་ཆ་རྐྱེན་འཛོམས་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་ཅེས་བརྗོད་ཡོད། 


             གསར་འགོད་པས་སྡོད་ཁང་གསར་པར་ལྟ་སྐོར་བྱེད་སྐབས་ཁང་པའི་ཕྱིའི་བཟོ་དབྱིབས་དང་ནང་གི་བཀོད་པ་ལེགས་པོ་ཡོད་མོད། ཚང་མས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་ཁང་པ་བརྟན་པོ་ཡོད་མེད་དེ་རེད།

             ཀན་ཧྲུའུ་ཡིས། ཁང་པ་ཧ་ཅང་བརྟན་པོ་ཡོད། དང་ཐོག་རྩིག་རྨང་འདིང་དུས་ནས་ས་ཡོམ་རིམ་པ་བརྒྱད་འགོག་ཐུབ་པའི་ཇུས་འགོད་བྱས་ཡོད། ཟླ་དང་པོའི་ནང་བརྒྱབ་པའི་ས་ཡོམ་རིམ་པ6.8ལྟ་བུ་རྦད་དེ་འགོག་ཐུབ་ཀྱི་རེད། ཟིང་དཀར་གྲོང་ཚོའི་སྡོད་ཁང་གསར་པ་ནི་ཁྱིམ་ཚང་རེའི་མི་འབོར་ལ་གཞིགས་ནས་ཁང་པའི་བཟོ་དབྱིབས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད། ཐོག་བརྩེགས་གཉིས་ཀྱི་ཁང་པ་ལྟ་བུར་ཆ་མཚོན་ན། ཐོག་བརྩེགས་གསུམ་གྱི་ཚད་གཞི་ལྟར་རྩིག་རྨང་བཏིང་ཡོད་པས། ཕྱིས་སུ་གྲོང་མི་ཚོས་རང་ཉིད་ཀྱི་དགོས་མཁོ་ལྟར་ཐོག་བརྩེགས་ཁ་སྣོན་རྒྱག་ཆོག་ཅེས་བརྗོད་ཡོད། 
             ཁང་པ་གསར་པའི་ནང་གི་བཀོད་པའི་ཐད། ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད་སོགས་ཚང་མ་འཛོམས་ཡོད་ལ། ད་དུང་གཟུགས་པོ་འཁྲུ་བྱད་ཀྱང་བསྒར་ཡོད་པས། མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་རེད། གྲོང་ཚོའི་མི་དར་མ་ཚོ་ཨར་ལས་ཁུལ་དུ་རོགས་བྱེད་པར་འགྲོ་བ་དང་། ཕྲུ་གུ་ཚོ་ནི་ཉིན་ལྟར་སྔ་ཙམ་ཁང་པ་གསར་པའི་ནང་སྤོ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད།

             དིང་རི་རྫོང་གྲམ་སོ་ཤང་ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག ང་ཚོས་ད་གཟོད་མགྱོགས་པོ་འདི་འདྲ་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་པ་རེད། སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད། 

             དིང་རི་རྫོང་གྲམ་སོ་ཤང་གི་ཤང་ཀྲང་ཞའོ་ཅུན་གྱིས། མིག་སྔར་གྲམ་སོ་ཤང་གི་གྲོང་མིའི་སྡོད་ཁང་བསྐྱར་སྐྲུན་ལས་དོན་དེ་ལས་དུས་འཕར་སྣོན་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་ཟླ8པའི་ཟླ་མཇུག་ཏུ་འཛུགས་སྐྲུན་ཚང་མ་ལེགས་གྲུབ་ཟིན་ནས་མང་ཚོགས་ཁང་པ་གསར་པའི་ནང་སྤོ་ཐུབ་རྒྱུ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ནམ་ཡང་བློ་ལ་བརྟན་པོར་ངེས་ཐོག མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།