ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྒེར་རྩེ་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འཚོ་བ།

སྤེལ་དུས 2025-08-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་སྐྱོད་སྐབས་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་ཟབ་མོ་ཞིག་ངམ་ངམ་ཤུགས་ཀྱིས་མངོན་པ་སྟེ། རྒན་རྒོན་མང་པོ་ཞིག་ཤོ་རྩེད་བཞིན་ཡོད་ཅིང་། སྒྲོམ་སྟེགས་སྤོ་ལོ་རྒྱག་སར་རྒན་རྒོན་ཁ་ཤས་སྒྲོམ་སྟེགས་སྤོ་ལོ་འགྲན་བཞིན་ཡོད་ལ། ངལ་གསོ་རྒྱག་སའི་འཕུར་མཉེད་རྐུབ་སྟེགས་དང་དབྱང་བཟོའི་འཕྲུལ་ཆས་ཀྱིས་རྒན་རྒོན་ཚོའི་བདེ་ཐང་སྲུང་སྐྱོང་བྱེད་བཞིན་ཡོད། དེ་བས་ཀྱང་བློ་བདེ་བ་ཞིག་ནི་ཐབ་ཚང་ནས་འཕྱུར་བའི་ཟས་ཀྱི་དྲི་ཞིམ་དག་རེད།
  བཟའ་བཏུང་དང་། གཙང་སྦྲ་འཕྲོད་བསྟེན། འཕྲལ་སྐྱོབ། སྨན་བཅོས། ལུས་འཁྲུ་སོགས་སྣ་མང་ཞབས་ཞུ་གཞི་གཅིག་ཏུ་འདུས་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་དེ་རྫོང་ཡོངས་ཀྱི་ལོ60ཡན་གྱི་རྒན་རྒོན་ཚོས་ཁ་འབྲལ་ཐབས་མེད་པའི་ཁྱིམ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་མཐའ་འཁོར་གྱི་འཚོ་བའི་ཐད་སྟབས་བདེ་མེད་པའི་ཁེར་སྡོད་དང་། ཚང་སྟོང་། དབང་པོ་སྐྱོན་ཅན་བཅས་ཀྱི་རྒན་རྒོན་ཚོར་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་ཟ་མ་སྐྱེལ་བའི་ཞབས་ཞུ་མཁོ་འདོན་བྱས་ནས། ཁེར་སྡོད་རྒན་རྒོན་ཚང་མར་དྲོ་སྐྱིད་སྦྱིན་ཀྱི་ཡོད། དཔྱིད་དུས་དང་དབྱར་དུས་སུ་ཟ་མ་བཟའ་མཁན་རྒན་རྒོན40ནས70བར་ཡོད་པ་དང་སྟོན་དུས་དང་དགུན་དུས་སུ་ཟ་མ་བཟའ་མཁན་རྒན་རྒོན20ནས50ཡོད། རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་་གནས་བཙུགས་པ་ནས་ད་བར་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི2ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། 2024ལོའི་ཟླ8པ་ནས་བཟུང་། རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་་གནས་ཀྱིས་མཚོན་རྟགས་རང་བཞིན་གྱི་སྒོ་ནས་ཉིན་རེར་ཟས་རིན་སྒོར5(མ་མཐའི་འཚོ་བའི་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་མཁན། དབང་པོ་སྐྱོན་ཅན་བཅས་ཀྱི་རྒན་རྒོན་གྱིས་ཟས་རིན་སྤྲོད་མི་དགོས་པ)བསྡུས་ཏེ་འཚོ་བཅུད་ལྡན་པའི་ཁ་ཟས་ཐེངས་གསུམ་མཁོ་འདོན་བྱེད་ཀྱི་ཡོད་ལ། ཤོ་དང་། ལུས་སྦྱོང་། སྐྲ་བཞར་སོགས་ཕུན་སུམ་ཚོགས་པའི་སྤྲོ་གསེང་རོལ་རྩེད་བྱེད་སྒོ་རིན་མེད་ངང་མཁོ་འདོན་བྱེད་ཀྱི་ཡོད། ཞབས་ཞུ་ལོངས་སྤྱོད་བྱེད་མཁན་རྒན་རྒོན་ཚོས་སྙིང་ཉེའི་ཞབས་ཞུ་མྱོང་ཚོར་ཟབ་མོ་བྱུང་ཞིང་། བཟའ་བཏུང་ཞབས་ཞུ་ལོངས་སྤྱོད་བྱེད་མཁན་རྒན་རྒོན་ཞིག་གིས“ཁ་ཟས་ཚང་མ་ཧ་ཅང་ཡག་པོ་འདུག་ལ། ང་ཚོར་རྟག་ཏུ་ལྟ་རུ་ཡོང་བར་མ་ཟད། ང་ཚོར་ནད་མི་ཕོག་ཆེད་རྒྱུན་དུ་ཁྲག་ཤེད་ལྟ་བ་དང་། ང་ཚོའི་གཟུགས་གཞི་བདེ་ཐང་ཐད་དོ་ཁུར་ལྷག་པར་བྱེད་ལ། ལྟོ་ཆས་ཐད་ང་ཚོར་གང་བཟའ་འདོད་དང་གང་འཐུང་འདོད་ཡོད་མེད་དྲིས་ནས་རང་ཉིད་ཀྱིས་གདམ་ག་བྱེད་དུ་འཇུག་གི་འདུག་ལ། ཁ་ཟས་ཚང་མ་ཞིམ་པོ་དང་གཙང་མ་འདུག་པས་དེ་དག་ཚང་མ་གུང་ཁྲན་ཏང་གི་བཀའ་དྲིན་རང་རེད”ཅེས་བཤད།
འདི་ནི་སྒེར་རྩེ་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་་གནས་ཀྱི་ཚོམས་ཆེན་ཡིན་པ།
  མ་དངུལ་སྣ་མང་བཏང་ནས་ཡུན་རིང་འཁོར་སྐྱོད་ཐུབ་པར་བྱས་པ།
  ས་མཐོའི་བྱམས་བརྩེ་འདིར་འདེགས་སྐྱོར་བྱེད་མཁན་ནི་ཚན་རིག་དང་མཐུན་པའི་འཆར་འགོད་དང་མ་དངུལ་རྒྱུན་མཐུད་གཏོང་རྒྱུ་དེ་ཡིན་ཞིང་། སྒེར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྒན་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ2024ལོར་ཆེད་དོན་མ་དངུལ་སྒོར་ཁྲི124བཏང་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། སྒོར་ཁྲི36བཏང་ནས་བཟའ་བཅའི་རྒྱུ་ཆ་དང་གཞུང་ལས་མཁོ་ཆས་སོགས་རྒྱུན་གཏན་གྱི་འཁོར་སྐྱོད་འགན་ལེན་བྱས་པ། སྒོར་ཁྲི58བཏང་ནས་ཆེད་ལས་ཞབས་ཞུ་བ8ཀྱི་གླ་ཕོགས་འགན་ལེན་བྱས་པའི་ནང་ཟླ་རེར་གླ་ཕོགས་སྒོར7000ཡོད་པའི་མ་བྱན་དང་། ཟླ་རེར་གླ་ཕོགས་སྒོར6500ཡོད་པའི་མ་གཡོག ཟླ་རེར་གླ་ཕོགས་སྒོར4500ཡོད་པའི་སྨན་གཡོག6བཅས་ཚུད་ཡོད། སྒེར་རྩེ་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་བྱེད་ནུས་ལེགས་གཏོང་ཐད་སྒོར་ཁྲི30བཏང་སྟེ། ས་ངོས་དང་། ཁྲུས་ཁང་། གསང་སྤྱོད་སོགས་ཕྱོགས་ཡོངས་ནས་ཉམས་བཟོ་སྒྱུར་བཀོད་བྱས་པ་དང་འབྲེལ། བོད་ལུགས་ཀྱི་ཅོག་ཙེ་རྐུབ་སྟེགས་དང་རྩི་ཤིང་མེ་ཏོག་སོགས་ཉོས་ནས་ཁོར་ཡུག་གི་རྣམ་པ་གསར་རྐྱང་ཐོག་ནས་ན་ནིང་ཟླ6པར་སྒོ་ཕྱེ་ཡོད། དེ་བས་བློ་བདེ་བ་ཞིག་ནི2025ལོའི་འཁོར་སྐྱོད་གྲོན་དངུལ་སྒོར་ཁྲི105(བོད་སྐྱོར་མ་དངུལ་སྒོར་ཁྲི10ཚུད་པ)ལྷག་ཙམ་སྲིད་གཞུང་གི་ལོ་འཁོར་སྔོན་རྩིས་ནང་བཅུག་ནས། ཞབས་ཞུའི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་རྒྱབ་རྟེན་བརྟན་པོ་བྱས་ཡོད། དེའི་ཐད་སྒེར་རྩེ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མི་ལས་དོན་ཅུས་ཀྱི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས“གོམ་སྟབས་རྗེས་མར། ང་ཚོ་དམངས་སྲིད་ཅུས་ཀྱི་ངོས་ནས་མ་དངུལ་དེ་བས་མང་བ་བརྩོན་ལེན་བྱས་ཏེ། རྒྱ་སྐྱེད་དང་བྱེད་ནུས་ལེགས་གཏོང་ཐད་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་སྒེར་རྩེ་རྫོང་གི་ལོ60ཡན་གྱི་རྒན་རྒོན་ཚོར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན”ཟེར། མ་དངུལ་རེ་རེ་གནད་སྨིན་དོན་འཁྱོལ་དང་འབྱུང་འགྱུར་འཆར་འགོད་བྱས་པ་ཚང་མ་རྒན་རྒོན་ཚོའི་ཞལ་དཀར་ནང་གི་ཚ་སོབ་སོབ་ཀྱི་ཟ་མ་དང་བདེ་སྐྱིད་ལྡན་པའི་འཛུམ་མདངས་སུ་འགྱུར་བ་བྱ་རྒྱུ་རེད།
འདི་ནི་སྒེར་རྩེ་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་རྒན་རྒོན་ཚོས་ཟ་མ་ཟ་བཞིན་པ། 
  ལམ་ལུགས་ལ་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།
  གངས་ལྗོངས་ས་མཐོར་སྤུས་ལེགས་ཀྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱེད་སྐབས། བདེ་འཇགས་ནི་མཐའ་ཚད་ཡིན་ལ། སྲོག་ཐིག་ཀྱང་ཡིན། སྒེར་རྩེ་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་་གནས་ཀྱིས་འགན་འཁྲི་ཧ་ཅང་ལྕི་པོ་ཡོད་པ་ཤེས་རྟོགས་ཐུབ་ནས། བཟའ་བཅའི་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཨང་དང་པོར་བཞག་ཡོད་ཅིང་། འཐུས་སྒོ་ཚང་བའི་ཟ་ཁང་གི་བདེ་འཇགས་དོ་དམ་ལམ་ལུགས་གྱང་ཐོག་ཏུ་སྦྱར་ནས་བཀོལ་སྤྱོད་ཚད་ལྡན་བྱེད་དགོས་པའི་དྲན་སྐུལ་དུས་དང་རྣམ་པ་ཀུན་ཏུ་བྱེད་པ་དང་། ཆེད་སྒྲུབ་བཟའ་བཅའི་བདེ་འཇགས་ལྟ་ཞིབ་པ་བཀོད་སྒྲིག་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཆ་འཕྲིན་གོང་ཞུའི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་ལས་སྣོན་ཞིབ་བཟོ་ནས་གསོལ་ཆས་དུག་སེལ་བར་རིམ་པ་རེ་རེ་བཞིན་འགག་སྒོ་ནན་སྲུང་གིས་རྒན་རྒོན་ཚོའི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱ་ཆེད་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད། ཆེད་ལས་སྨན་གཡོག་ཚོགས་པས་རྒྱུན་གཏན་གྱི་ལྟ་སྐྱོང་བྱེད་པ་མ་ཟད། རྒན་རྒོན་གྱི་བདེ་ཐང་གནས་ཚུལ་ལ་དེ་བས་དོ་ཁུར་ཆེན་པོ་བྱེད་པ་དང་། ནད་ཕོག་ཚེ་སྨན་དོན་ཁང་དུ་སྐྱོད་ཆོག་ཆོག་ཡོད་ལ་དབྱང་བཟོའི་འཕྲུལ་ཆས་གང་མཁོ་སྤྱོད་ཆོག་ངང་ས་ས་མཐོའི་དམིགས་བསལ་ཁོར་ཡུག་འོག་གི་བདེ་ཐང་དགོས་མཁོར་ཁ་གཏད་གཅོག་གི་ཡོད། ཞབས་ཞུའི་རྣམ་འགྱུར་ལེགས་པའི་སྨན་གཡོག་བསོད་ནམས་སྒྲོན་མས་ལྷག་བསམ་རྣམ་དག་ངང“ཁོང་ཚོ་ནི་ང་ཚོའི་ཡུལ་མི་སྤུན་ཟླ་ཡིན་པས། ཁོང་ཚོར་ཞབས་འདེགས་ཞུ་རྒྱུ་བྱུང་བས་ང་དགའ་ཚོར་ཆེན་པོ་འདུག”ཅེས་བཤད། སེམས་གཏིང་ནས་སྦྱིན་པའི་དྲོ་སྐྱིད་དང་འགན་འཁྲི་ཁུར་སེམས་དེ་དག་ནི་སྒེར་རྩེ་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་་གནས་ཀྱི་ཆེས་དྲོ་སྐྱིད་ལྡན་ཤོས་ཀྱི་རང་མདངས་དག་ཡིན་ཞིང་། ཞིབ་ཚགས་པའི་ལམ་ལུགས་ཀྱི་འགན་སྲུང་དང་ཆེད་ལས་སྲུང་སྐྱོང་དེ་དག་ལས་གནས་འདི་བྱེད་སྒོ་སྤེལ་ཡུལ་ཙམ་མ་ཟད། རྒན་རྒོན་ཚོས་ཡིད་ཆེས་བྱེད་ས་དང་བུ་ཕྲུག་ཚོས་བློ་བདེ་པོ་བྱེད་སའི་བདེ་འཇགས་ཀྱི་ཁྱིམ་ཅིག་ཏུ་གྱུར་ཡོད།
སྒེར་རྩེ་རྫོང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་་གནས་ཀྱི་ལས་བཟོ་བ་བསོད་ནམས་སྒྲོན་མས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།