ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས3ཉིན། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4500ཡན་ཟིན་པའི་རྒྱང་རིང་འཕྲུལ་མིའི་གཅིན་ཟགས་མ་ལག་གི་གཤགས་བཅོས་ཐོག་མ་དེ་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་གི་གཤགས་བཅོས་ཁང་དུ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད། རྒྱུས་ལོན་བྱུང་བར་གཞིགས་ན། གཤགས་བཅོས་དེ་ནི་སྤྱི་ལེ4000ལྷག་ཙམ་གྱི་བར་ཐག་ཆོད་པའི་ལེའོ་ཉིང་ཞིང་ཆེན་ཏ་ལན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་པའི་དགེ་རྒན་ཆེན་མོ་ལིའུ་ཀྲི་ཡུས་ཚོགས་པ་དང་ལིའོ་ཉིང་བོད་སྐྱོར་རུ་མི་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཅིན་ཟགས་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཡན་ལུང་གཉིས་ཀྱིས་མཉམ་དུ་གཞོགས་འདེགས་བྱས་ནས་ལེགས་གྲུབ་བྱུང་།
ནག་ཆུ་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་པ་དང་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4500ཡན་ཡོད། ས་བབ་མཐོ་བ་དང་གསོ་རླུང་དཀོན་པའི་ཁོར་ཡུག་དེ་འདྲའི་འོག་རྒྱང་རིང་འཕྲུལ་མིའི་གཤགས་བཅོས་བྱས་ན། གཤགས་བཅོས་སྒྲིག་ཆས་ཀྱི་བརྟན་བརླིང་རང་བཞིན་དང་། 5Gདྲ་རྒྱའི་བརྒྱུད་གཏོང་སྤུས་ཚད། དེ་བཞིན་སྨན་པ་དང་ནད་པའི་ལུས་པོའི་ནུས་པ་བཅས་ཚང་མར་ཚོད་བགམ་དྲག་པོ་ཐེབས་ཀྱི་ཡོད། གཤགས་བཅོས་བདེ་བླག་ཡོང་བའི་འགན་ལེན་བྱ་ཆེད། ཏ་ལན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་པ་དང་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྒྲིག་ཆས་དང་དྲ་རྒྱའི་མཁོ་འདོན་ཚོང་པ་མཉམ་འབྲེལ་བྱས་ཏེ་གཤགས་བཅོས་འཕྲུལ་མི་དང5Gདྲ་རྒྱའི་སྒྲིག་ཆས་ཡང་ཡང་སྙོམས་སྒྲིག་བྱས་ཏེ། ཁོར་ཡུག་གི་ཆ་རྐྱེན་ཞན་པའི་འོག་གཤགས་བཅོས་བརྟན་པོའི་ངང་བྱེད་ཐུབ་པའི་འགན་ལེན་བྱས་པ་རེད། གཤགས་བཅོས་མ་བྱས་གོང་སྨན་བཅོས་ཚོགས་པས་ནད་པའི་ནད་གཞིར་ཞིབ་འཇུག་གཏིང་ཟབ་བྱས་ནས་རང་གཤིས་ཅན་གྱི་གཤགས་བཅོས་ཇུས་གཞི་བཟོས་པ་དང་འབྲེལ་ལད་ཟློས་ནང་སྦྱོང་ཐེངས་མང་བྱས་པ་རེད།

ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་དུ་འཛམ་གླིང་ཐོག་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4500ཡན་ཟིན་པའི་རྒྱང་རིང་འཕྲུལ་མིའི་གཤགས་བཅོས་ཐོག་མ་ལེགས་གྲུབ་བྱུང་བ།
ལིའོ་ཉིང་བོད་སྐྱོར་རུ་མི་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཅིན་ཟགས་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཡན་ལུང་གིས“སྔོན་ཆད་རྙོག་འཛིང་ཆེ་བའི་ནད་རིགས་ཕོག་པའི་ནད་པ་ལམ་ཐག་རིང་པོ་བསྐྱོད་ནས། ས་བབ་དམའ་བའི་ས་ཁུལ་དུ་སྨན་བཅོས་བྱེད་དགོས་པར་མ་ཟད། ལམ་ཐག་རིང་བས་དཀའ་ཚེགས་ཆེ་ལ་འགྲོ་གྲོན་ཡང་མཐོ་པོ་ཡོད། ད་དུང་ལམ་བར་གཡོ་འགུལ་ཐེབས་པའི་དབང་གིས་ནད་གཞི་ཇེ་སྡུག་ཏུ་འགྲོ་སྲིད། ད་ཆ་སྒོ་འགྲམ་དུ་ཆེད་མཁས་ཚོགས་པའི་འཕྲུལ་མིའི་གཤགས་བཅོས་སྨན་བཅོས་བྱེད་ཐུབ་པས། སྨན་བཅོས་ཀྱི་ཁུར་པོ་ཆེས་ཆེར་ཡང་དུ་ཕྱིན་པར་མ་ཟད། ནད་པ་གཤགས་བཅོས་བྱས་རྗེས་བདེ་ཐང་ཡོང་བར་ཕན་ཡོད་ཀྱི་ཆ་རྐྱེན་ཡང་བསྐྲུན་ཡོད། གསོ་རིག་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན། དེ་ནི5Gརྒྱང་རིང་འཕྲུལ་མིའི་གཤགས་བཅོས་ལག་རྩལ་གྱི་ཚད་བརྒལ་ཆེན་པོ་ཞིག་རེད། དེས་ས་བབ་མཐོ་བ་དང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་པའི་འོག སྔོན་ཐོན་གྱི་ལག་རྩལ་བྱ་ཐབས་ལ་བརྟེན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱང་རིང་དུ་མཉམ་སྤྱོད་ཐུབ་པ་ར་སྤྲོད་ཐུབ་ནས། གོ་ལ་ཧྲིལ་པོའི་ཐག་རིང་ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་སྙོམས་པོ་མེད་པའི་གནས་ཚུལ་ལེགས་སུ་གཏོང་རྒྱུར་གྲུབ་འབྲས་ཐོབ་པའི་དཔེ་མཚོན་མཁོ་འདོན་བྱས་ཡོད”ཅེས་བཤད།
ཕུན་སུམ་ཚོགས་པའི་ནད་ཐོག་ཉམས་མྱོང་དང་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་དགེ་རྒན་ཆེན་མོ་ལིའུ་ཀྲི་ཡུས་ཀྱིས་རྒྱང་རིང་ཚོད་འཛིན་སྟེགས་བུའི་ཐོག5Gདྲ་རྒྱ་བརྒྱུད་བློ་རྩེ་གཅིག་སྒྲིམ་གྱིས་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཆོད་པའི་སར་ཡོད་པའི་གཤགས་བཅོས་འཕྲུལ་མིར་གནད་ལ་འཁེལ་བའི་བཀའ་བརྡ་བཏང་བ་དང་ཆུ་ཚོད་ཁ་ཤས་བརྒྱུད། མཐར་གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་འབྲེལ་སྔོན་དཔག་གི་ཕན་འབྲས་ཀྱང་ཐོན་ཡོད།
ལིའོ་ཉིང་ཞིང་ཆེན་ཏ་ལན་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གཉིས་པར་རྒྱང་རིང་གཤགས་བཅོས་ལེགས་འགྲུབ་བྱུང་བའི་དགེ་རྒན་ཆེན་མོ་ལིའུ་ཀྲི་ཡུས་ཀྱི་ཚོགས་པ།
ལིའོ་ཉིང་གི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་རོགས་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་དང་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ལིའུ་ཡུས་ཧྥུང་གིས“གཤགས་བཅོས་འདི་ལེགས་གྲུབ་བྱུང་བ་ནི་ལིའོ་ཉིང་གི་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་ཤིག་ཡིན། དེས་ལིའོ་ཉིང་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་སྨན་བཅོས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་པ་མཚོན་ཡོད། ད་ཐེངས་གཤགས་བཅོས་བྱས་པ་བརྒྱུད། ཏ་ལན་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གཉིས་པས་རང་ཉིད་ཀྱི་ལག་རྩལ་དང་ཤེས་ལྡན་པའི་ལེགས་ཆ་གང་ལེགས་བཏོན་ཏེ། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་ས་ཁུལ་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལིའོ་ཉིང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད”ཅེས་བཤད།