ཚེས14ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པར། ཐོན་བརྡ་བཏང་བ་དང་དུས་མཚུངས་སུ་རྐང་འཁོར་འགྲན་བསྡུར་ལ་ཞུགས་མཁན་ལུས་རྩལ་པ་ཚོ་མདའ་མོ་གཞུ་ལས་བྲལ་བ་བཞིན་ལྷ་ས་སྣེའུ་གསར་སྤེལ་ཁུལ་ཝང་ཧྥུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱི་མདུན་ནས་ཐོན་པ་དང་། 2025ལོའི་ལྷ་ས་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་རྐང་འཁོར་འགྲན་བསྡུར་ཆེན་མོ་དངོས་སུ་འགོ་ཚུགས་ཡོད།
2025ལོའི་ལྷ་ས་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་རྐང་འཁོར་འགྲན་བསྡུར་ཆེན་མོ་ནི་ཀྲུང་གོ་རྐང་འཁོར་ལུས་རྩལ་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་། ཆུ་ཤུར་རྫོང་མི་དམངས་སྲིད་གཞུང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2022ལོར་ལྷ་ས་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་རྐང་འཁོར་འགྲན་བསྡུར་ཆེན་མོ་གཉེར་འགོ་ཚུགས་ཚུན། ལོ་གསུམ་ཙམ་འཆར་འགོད་ཞིབ་ཚགས་དང་གཉེར་སྐྱོང་གང་ལེགས་བྱས་པས་ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཉམས་སྣང་ལྡན་པའི་རྐང་འཁོར་འགྲན་བསྡུར་ཞིག་ལ་གྱུར་ཡོད།
རྩོམ་སྒྲིག་པ། རིག་གྲོལ།