ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དྲོ་སྐྱིད་ལྡན་པའི་དུས་ཆེན་བཏང་། འཚོ་བ་གསར་པ་གཏོད་འགོ་བརྩམས།

སྤེལ་དུས 2025-10-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


ཟླ་10ཚེས་6ཉིན“ང་ཚོའི་དུས་ཆེན། ཟླ་མཆོད་དུས་ཆེན་བརྩེ་བས་ཁེངས”ཞེས་པའི་ཉེན་རྟོག་པ་དང་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་ལྷ་ཀླུ་འདམ་རའི་སྤྱི་གླིང་དུ་སྤེལ་བ་དང་། གླུ་གར་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་བྱས་ནས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་མི་རིགས་ཀྱི་རིག་གནས་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

            ཟླ་10ཚེས་6ཉིན། གཞིས་རྩེའི་ལྷ་རྩེར་ཞོགས་པའི་ཉི་གཞོན་ས་གཞིར་འཕྲོ་སྐབས། ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་བཀྲ་ཤིས་འཛོམས་གྲོང་ཚོའི་བོད་བཟོའི་ཡུལ་མིའི་སྡོད་ཁང་གསར་པའི་ཐོག་ཁ་ནས་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཞིང་། སྐར་ལྔའི་དར་དམར་ཡང་ལྷགས་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག

            དེ་ཉིན་སྡོད་ཁང་གསར་པ་རྩིས་སྤྲད་ནས་ཉིན་5སོང་ཡོད།

            ཡུལ་མི་ནོར་བུའི་ཁྱིམ་དུ་སྐྱོད་སྐབས་སྡོད་ཁང་དཀར་ཆ་དོད་པ་དང་བོད་བཟོའི་ཁྱིམ་ཆས་གསར་པ་ཉི་འོད་འོག་བཀྲག་མདངས་དེ་བས་འཚེར།

            “སྡོད་ཁང་གསར་པར་སྤོ་སྐབས་རྨི་ལམ་རྨིས་པ་ལྟ་བུའི་མྱོང་ཚོར་བྱུང”ནོར་བུས་གཙོ་འཛིན་སྐུ་པར་གྱི་པར་སྒྲོམ་འཕྱིད་ཞོར་དུ“རྒྱལ་སྟོན་དུས་ཆེན་གྱི་ཉིན་མོར་ཁང་པའི་ལྡེ་མིག་རག་པས་ཉིན་དེའི་དགོང་མོར་ཁང་པ་གསར་པར་སྤོས་པ་ཡིན། ད་ལྟ་ཐབ་ཚང་ལོགས་སུ་ཡོད་པ་དང་གཉིད་ཉལ་ནའང་སྒོའི་སྲུབས་ཁ་ནས་ལྷགས་པ་གྲང་མོ་ཁང་པའི་ནང་རྒྱག་པའི་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བཤད།

            གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་གི་ངོས་ནས་བཤད་ན། ཁང་པ་གསར་པའི་ལྡེ་མིག་རག་པ་ལས་རེ་བའི་སྒོ་མོ་དེ་བས་ཕྱེ་བ་ལྟར་སྣང་། རེ་བ་དེ་ནི་སྔོན་ཆད་ཟླ་བ་ལྔ་ཙམ་རིང་ཞོགས་པ་སྔ་ལངས་དང་དགོང་མོ་ཕྱི་ཉལ་བྱས་པ་ལས་བྱུང་བ་ཞིག་རེད། སྔོན་ཆད་སྡོད་ཁང་བསྐྱར་སྐྲུན་བྱེད་རིང་གི་ཉིན་མཚན་གྲངས་ལས་འདས་པར་ཕྱིར་དྲན་བྱེད་སྐབས། ལྷག་པ་ཚེ་རིང་གིས“བསྐྱར་སྐྲུན་བྱེད་རིང་གི་བརྒྱུད་རིམ་ཚང་མར་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྔུལ་ཆུ་དང་བློ་གྲོས་ཀྱང་འདུས་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།

            ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བཀྲ་ཤིས་འཛོམས་གྲོང་ཚོར་ས་ཡོམ་བརྒྱབ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་གྲྭ་དེ་མང་ཚོགས་དུད་ཚང་25དང་འབྲེལ་བ་ཡོད་པ་དང་། བསྐྱར་སྐྲུན་གྱི་ཆེས་འགག་རྩའི་དུས་མཚམས་སུ་ཨར་སྐྲུན་རུ་ཁག་གིས་ཉིན་མཚན་བལྟོས་མེད་ངང་ལས་ཀ་བྱས་པ་དང་། ཏང་ཡོན་ལས་བྱེད་པས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱས་ནས་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ཏེ། ལས་གྲྭ་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད།

            སོ་ཕག་རེ་རེ་བརྩིགས་པ་ནས་དུད་ཁྱིམ་ཚང་མ་ནས་དུ་བ་ལྷོག་ལྷོག་ཏུ་འཕྱུར་བའི་བར་གྱི་བསྐྱར་སྐྲུན་གྱི་གཏམ་རྒྱུད་དེ་མཐར་གཏུགས་ནས་བརྗོད་ན་བཀྲ་ཤིས་འཛོམས་ཤང་གི་མང་ཚོགས་རང་ཉིད་ཀྱིས་བརྩམས་པ་ཞིག་རེད།

            འགོ་འཛུགས་ས་གསར་པའི་ཐོག་བཀྲ་ཤིས་འཛོམས་ཤང་གི་ཡུལ་མི་སྤུན་མཆེད་ཚོས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་འཐབ་བྱེད་བཞིན་ཡོད། ཁྱིམ་ཚང་ཚང་མའི་སྒོ་སྟེང་དུ“རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བ་དང་ཟླ་མཆོད་དུས་ཆེན་ལ་བསུ་བ་ཞུ”དང“བཀྲ་ཤིས་བདེ་ལེགས”ཞེས་པའི་འཕྲེད་འགེལ་སྦྱར་ཚིག་གྲལ་སྟར་འགྲིག་པོས་ལྷབ་ལྷུབ་ཏུ་གཡོ་བ་ནི་ཁ་བཏགས་གཉིས་དམ་པོར་སྦྲེལ་བ་དང་འདྲ་བར་གཞོགས་གཅིག་ནི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཉི་གཞོན་དང་འདྲ་བ་དང་གཞོགས་གཞན་ཞིག་ནི་གངས་ལྗོངས་ས་མཐོའི་ལྷབ་ལྷུབ་ཏུ་འཕྱུར་བའི་དུ་བ་རེད།