འདི་ནི་ཝང་ཅུན་ཀྲེང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་མོ་ཀའོ་དབྱི་དང་བཞུགས་མོལ་གནང་བཞིན་པ།
འདི་ནི་ཝང་ཅུན་ཀྲེང་གིས་ཐུང་ཅི་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཀྲེང་ཆིང་ཧྭ་དང་བཞུགས་མོལ་གནང་བཞིན་པ།
  ཟླ་10ཚེས་28ཉིན་དང་ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་སྔ་རྗེས་སུ་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་མཁན་སྐུ་མགྲོན་དང་རྒྱལ་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་དང་བཞུགས་མོལ་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཞུགས་ཡོད་པ་རེད།
  ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་སྐུ་མགྲོན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ལྷན་རྒྱས་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་མ་ཟད། ཚང་མས་དུས་ཡུན་རིང་པོའི་ནང་བོད་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཟོས་ཡོད། 2025ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་གོམ་སྟབས་རྗེས་མའི་བོད་ཀྱི་ལས་དོན་ལ་མཛུབ་སྟོན་ཁ་གསལ་གནང་བ་མ་ཟད། ང་ཚོས་བོད་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད། ལོ་མང་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་སེལ་བ། འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། བོད་ཀྱི་འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ལས་ཀའི་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་རིག་གནས་ཁྱིམ་གཞིས་མཉམ་དུ་སྐྲུན་པ། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱས་ཏེ་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། དམངས་འཚོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་རྐྱང་པ་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡིན་པར་གོ་བ་གཏིང་ཟབ་ལེན་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱར་སྤྱི་འདོམས་དོན་འཁྱོལ་བྱེད་པ། མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དཔག་མེད་དྲོ་སྐྱིད་གཏིང་ཟབ་ཚོར་བ་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པར་གོ་བ་གཏིང་ཟབ་ལེན་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་བྱེད་པ། ཚན་རིག་དང་མཐུན་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་བོད་ཀྱི་རི་བོ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་པ། ནམ་མཁའ་དེ་བས་སྔོ་བ་བཅས་ཡོང་བར་བྱས་ཡོད། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་བྱེད་པ། མཐའ་སྲུང་དང་མཐའ་དར་གལ་ཆེ་མཉམ་འཛིན་བཅས་བྱས་ནས་མཐའ་མཚམས་ཀྱི་བདེ་འཇགས་མཐའ་གཅིག་ཏུ་ཡག་པོ་བསྲུངས་བ་དང་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱས་ཡོད་ཅེས་གསུངས་པ་རེད།
  ཝང་ཅུན་ཀྲེང་གིས་བསྟན་དོན། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སྐབས་བརྒྱད་བསྟུད་མར་གཉེར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གླེང་སྟེགས་ནི་ལ་རྟེན་འབྲེལ་འཕྲིན་ཡིག་ཐེངས་གཉིས་སྤྲིངས་ནས་ང་ཚོས་གླེང་སྟེགས་སྔར་བས་ཡག་པོ་གཉེར་རྒྱུར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་ཡོད། སྐབས་འདིའི་གླེང་སྟེགས་བོད་ལྗོངས་ཀྱིས་ཐོག་མར་གཙོ་གཉེར་བྱས་པ་དང“མཛེས་པའི་བོད་ལྗོངས་འཕྲད། གངས་ལྗོངས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། བོད་ལྗོངས་དང་འཛམ་གླིང་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་། བོད་ཀྱི་འཕེལ་རྒྱས་ཡར་ཐོན་དང་སྒོ་དབྱེའི་རྣམ་པ་མངོན་པ། བོད་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཕྱི་ནང་གིས་བོད་ལྗོངས་ཤེས་རྟོགས་གཏིང་ཟབ་དང་བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ནས་ལས་རིགས་ཁག་གི་མི་སྣ་དང་བློ་སེམས་གཅིག་མཐུན་གྱིས་འཕེལ་རྒྱས་དོན་གཉེར་དང་མཉམ་ཤུགས་གཅིག་སྒྲིལ་གྱིས་ཐབས་ལམ་གསར་པ་བཏོད་དེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཞིང་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་ཀྱི་ཐད་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་དུ་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་རྩོམ་རྒྱུའི་རེ་བ་ཡོད།
  ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་མོ་ཀའོ་དབྱི་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁ་ཕུ་ཐག་ཆོད་པ་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་འགག་རྩའི་དུས་སྐབས་སུ་སྐབས་འདིའི་འཕེལ་རྒྱས་གླེང་སྟེགས་འཚོགས་ནས་ཕྱི་ཕྱོགས་ལ་བོད་ཀྱི་གྲུབ་འབྲས་དྲིལ་བསྒྲགས་དང་བོད་ཀྱི་གཟུགས་བརྙན་སྔར་བས་མངོན་པར་བག་ཆགས་གལ་ཆེན་འཇོགས་རྒྱུ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་རང་འགུལ་ངང་ཞབས་འདེགས་ཧུར་ཐག་ཞུས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་རེད་ཅེས་གསུངས་པ་རེད།