ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཁབ་སྤྱི་གླིང་ནང་གི་སྲུང་སྐྱོང་དང་གསར་སྐྱེས།

སྤེལ་དུས 2025-11-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་བ་སྐོར་སྲུང་ལམ་དུ་སྐྱོད་བཞིན་པ།
  ལོ་54ཟིན་པའི་བཀྲ་ཤིས་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་བ་ཁག་དང་པོའི་གྲས་ཡིན། རྩྭ་ཐང་དུ་འཚོ་བ་སྐྱེལ་མཁན་ཕྱུགས་རིགས་མེད་པའི་དུད་ཚང་ཞིག་གི་ངོས་ནས་བརྗོད་ན། ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་འཁྱོལ་ཐབས་བྱེད་པ་དང་ཡོང་འབབ་བརྟན་པོ་མེད་པ་དེས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད། 2016ལོར་སྐྱེ་ཁམས་སྲུང་སྐྱོང་བར་གྱུར་རྗེས་བཀྲ་ཤིས་ལ་ལས་ཀ་བརྟན་པོ་ཞིག་དང་ཟླ་རེར་གཏན་འཇགས་ཀྱི་ཡོང་འབབ་ལེན་རྒྱུ་ཡོད་པ་དེ་ཁོང་གི་མྱོང་ཚོར་ཟབ་ཤོས་དེ་རེད།
  མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་རྨ་ཆུ་ཤང་རྐྱང་འཕོངས་གྲོང་ཚོར་ཁྱིམ་གཞིས་ཆགས་པའི་བཀྲ་ཤིས་ཀྱི་སྐོར་སྲུང་ས་ཁོངས་ནི་རྐྱང་འཕོངས་གྲོང་ཚོའི་རྩྭ་ཐང་རེད། དེ་གར་རྨ་ཆུ་རྒྱུག་ཁུལ་ཡིན་པ་མ་ཟད། ད་དུང་ཝ་ཞང་མཚོའི་མཚོ་བར་མ་དང་མཚོ་འོག་མ། དེ་བཞིན་ཆུ་བོ་དང་འདམ་ར་མང་པོ་ཡོད་པས་སྐྱེ་ཁམས་ནུས་པ་ཧ་ཅང་གལ་ཆེན་ཡིན། བཀྲ་ཤིས་ཀྱི་སྐོར་སྲུང་ས་ཁོངས་དེ་ཁྱིམ་དང་བར་ཐག་སྤྱི་ལེ་200ལྷག་ཙམ་ཆོད་ནས་ཚོགས་ཆུང་ཕྱིར་སྐྱོད་རིམ་བཞིན་ཕྱི་རོལ་དུ་གུར་ཕུབ་སྟེ་ཞག་སྡོད་བྱེད་དགོས་ཀྱི་ཡོད།
  “སྐོར་ཞིབ་ལམ་བུ་དཀའ་ཚེགས་ཇི་ལྟར་ཆེ་རུང་། དེ་ནི་ངའི་ལས་ཀ་ཡིན་པས་ངེས་པར་དུ་སྐྱོད་དགོས། ལས་ཀ་རྦད་དེ་མཐའ་འཁྱོལ་བ་བྱེད་ཀྱི་ཡིན”ཞེས་པ་དེ་བཀྲ་ཤིས་ཀྱི་འགྱུར་མེད་ཀྱི་གདམ་ག་ཞིག་རེད། ཁོང་དགའ་འོས་པ་ཞིག་ནི་སྔོན་ཆད་རི་སྐྱེས་སྲོག་ཆགས་ཀྱིས་མི་མཐོང་སྐབས་ལམ་སེང་བྲོས་འགྲོ་ཡི་ཡོད་མོད། ད་ཆ་སྦག་སྦག་བཏང་ནས་སྐོར་སྲུང་བྱེད་སྐབས་ལམ་རྒྱུད་ཀྱི་སྲོག་ཆགས་དེ་དག་གིས་ཞེད་སྣང་བྱེད་ཀྱི་མེད། དེས་མ་ཚད་ད་དུང་དེ་སྔོན་མཐོང་མ་མྱོང་བའི་འདབ་ཆགས་རིགས་མང་པོ་མཐོང་རྒྱུ་ཡོད། ཁོང་གི་མཐོང་ཐོས་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཆེས་བབ་ཆགས་ཀྱི་མཚོན་ཚུལ་ཞིག་རེད།
  གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་དང་། ཆུ་དམར་ལེབ་རྫོང་། རྫ་སྟོད་རྫོང་བཅས་དང་འབྲེལ་བ་མ་ཟད། ད་དུང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར)5དང་ཤང(གྲོང་རྡལ)15དང་དེ་བཞིན་མཚོ་སྔོན་ཞིང་ཆེན་སྲིད་འཛིན་ས་ཁོངས་དང་གདང་ལའི་བྱང་རྒྱུད་ཀྱི་བོད་རང་སྐྱོང་ལྗོངས་ཀྱིས་དངོས་སུ་བེད་སྤྱོད་དོ་དམ་བྱེད་པའི་འབྲེལ་ཡོད་ས་ཁོངས་དང་ཡང་འབྲེལ་ཡོད།
  རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་པོའི་སྒྲིག་སྲོལ་ཚོད་ལྟ་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ཁག་དང་པོའི་གྲས་བར་དང་དེ་ནས་ད་ཆའི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལོ་བཅུ་ཡི་ནང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་ཕྱོགས་སུ་འཕེལ་བའི་གསར་གཏོད་འཚོལ་ཞིབ་མང་པོ་མངོན་འགྱུར་བྱུང་ཡོད།
  དེ་ལག་ལེན་བསྟར་བ་ལས་ས་གནས་དེ་གའི་མང་ཚོགས་རྩྭ་ཐང་སྤྱོད་མཁན་ནས་སྲུང་སྐྱོང་མཁན་དུ་གྱུར་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་དེ་དངོས་དངོས་རྗེན་རྗེན་གྱི་དམངས་འཚོའི་བདེ་རྩར་བསྒྱུར་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྐྱེ་ཁམས་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མཱ་དབྱིན་ཞང་གིས“གཙང་གསུམ་ཆུ་འགོ་ནི་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་ཡིན། མི་སེར་དེའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མི་མེད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་མཁན་མེད་པའི་དཀའ་གནད་ཐག་གཅོད་ཐུབ་ཡོད། ད་ཆ་མང་ཚོགས་ཀྱང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་མཁན་ཡིན”ཞེས་བཤད།
  སྐྱེ་ཁམས་སྲུང་སྐྱོང་བ་ནི་གཞི་རིམ་དང་འཐབ་ས་དང་པོའི་སྟོབས་ཤུགས་ཡིན་པས། སྐྱེ་ཁམས་ལ་འགྱུར་ལྡོག་ཕྲན་བུ་ཕྱིན་པ་མཐོང་ཐུབ། ད་ཆ་ཚན་རྩལ་བྱེད་ཐབས་སྤྱད་པས་སྐོར་སྲུང་གི་སྤུས་ཚད་དང་ཕན་འབྲས་ཀྱང་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད། ཁོང་ཚོས་སྐྱེ་ཁམས་ཀྱི་ལྟ་ཞིབ་ཚད་ལེན་དང་ས་ཆུའི་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་བ་མ་ཟད། ད་དུང་རྩི་ཤིང་དང་སྲོག་ཆགས་ཀྱི་པར་རིས་ཀྱང་བརྒྱུད་བསྐུར་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཐད་ཀྱི་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་དབྱེ་ཞིབ་བྱེད་ཐུབ་པས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རམ་འདེགས་བྱས་ཡོད།
  རྨ་ཆུའི་ཆུ་འགོའི་གླིང་ཁུལ་ནས་རྫ་ཆུའི་ཆུ་འགོའི་གླིང་ཁུལ་བར་ཡུལ་ཤུལ་ཀྲོའུ་རྫ་སྟོད་རྫོང་རྫ་ཆེན་ཤང་སྡེ་ཆེན་གྲོང་ཚོའི་སྐྱེ་ཁམས་སྲུང་སྐྱོང་བ་མགོན་པ་པད་མ་ཡང་སྐྱེ་ཁམས་སྲུང་སྐྱོང་རུ་ཁག་ཁག་དང་པོའི་ནང་ཞུགས་མཁན་ཁོངས་མིའི་གྲས་ཤིག་ཡིན། དུས་རྒྱུན་དུ་ཁོང་གིས་སྐོར་སྲུང་ལྟ་ཞིབ་ཚད་ལེན་ཕུད། ད་དུང་རྐུས་རྔོན་པར་དོགས་ཟོན་བྱེད་ཀྱི་ཡོད། ད་ཆ་ཁོང་གིས་རི་སྐྱེས་སྲོག་ཆགས་སྐྱོབ་པའི་རྒྱུན་ཤེས་ཁོང་དུ་ཆུད་ལ། ཁྲུང་སྐྱ་དང་། ཤ་དམར། གནའ་བ་སོགས་རི་སྐྱེས་སྲོག་ཆགས་མང་པོ་སྐྱོབ་མྱོང་ཡོད།
  “སྔོན་མ་གླ་ཆ་མེད་རུང་ལས་ཀ་དེ་དག་རྒྱུན་དུ་བྱེད་བཞིན་ཡོད། ད་ཆ་གླ་ཆ་སྤྲད་པས་བྱེད་འདོད་དེ་བས་ཆེ་རུ་སོང་ཡོད”མགོན་པ་པད་མའི་བརྟན་སྲུང་ནི་གཙང་གསུམ་སྲུང་མཁན་གྱི་བསྡུས་རིས་ཤིག་རེད། སྐྱེ་ཁམས་སྲུང་སྐྱོང་བ་17211ནི་གྲངས་གཞི་ཙམ་མིན་ལ། “དུད་ཚང་རེར་ལས་གནས་རེ”ཡང་སྲུང་སྐྱོང་བྱེད་སྟངས་དང་ཐོན་སྐྱེད་བྱེད་སྟངས་བསྒྱུར་བ་ཙམ་མིན་པར། དེ་ནི་མི་གཅིག་གིས་ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་དང་ཐ་ན་ས་ཁོངས་གཅིག་ལ་སྣེ་ཁྲིད་བྱེད་པའི་བར་བསྒྱུར་བ་ཞིག་ཡིན་ལ། སྐྱེ་ཁམས་སྲུང་སྐྱོང་དེ་གཙང་གསུམ་ཆུ་འགོ་བའི་སེམས་སུ་བརྟན་པོ་ཟུག་སྟེ། རང་རྟོགས་དང་། འགན་འཁྲི། འགན་འཁུར་དུ་གྱུར་ཡོད།
  བསོད་ནམས་རྡོ་རྗེ་ནི་ཁོང་གི་བུ་ཆུང་བ་ཡིན་ཞིང་། ཟི་ལིང་དུ་སློབ་མཐར་ཕྱིན་རྗེས་དེ་གར་བསྡད་ཆོག་མོད། འོན་ཀྱང་ཨ་ཕའི་ཁ་ཏ་བཞིན་བློ་བརྟན་འགྱུར་མེད་ངང་ཕ་ཡུལ་དུ་ལོག་པ་རེད། ལོ་ལྔའི་རིང་། ཨ་ཕའི་རྐང་པ་ཐང་པོ་མེད་རྐྱེན་བསོད་ནམས་རྡོ་རྗེས་ཨ་ཕའི་ཚབ་བྱས་ནས་སྐོར་སྲུང་ལས་འགན་བསྒྲུབས། གླ་ཕོགས་སྐར་མ་གཅིག་ཀྱང་མེད་མོད། འོན་ཀྱང་དཀའ་ཚེགས་ཆེ་བའི་སྐོར་སྲུང་ལས་འགན་ཚང་མ་ཁོང་གིས་སྒྲུབ་ཀྱི་ཡོད།
  བསོད་ནམས་རྡོ་རྗེས་སྐོར་སྲུང་བྱ་ཡུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་དང་ས་ཆ་ཁ་ཤས་སུ་སྨི་5000ཟིན་གྱི་ཡོད། ཁོང་གིས་ལོ་གཅིག་དུས་བཞིར་སྐོར་སྲུང་གི་ལས་འགན་ལ་ལྷོད་གཡེང་སྤུ་ཙམ་ཡང་བཏང་མྱོང་མེད་ལ། ལྷག་པར་ཏུ་དགུན་དུས་སུ་དཀའ་ཚེགས་ཧ་ཅང་ཆེ། ས་ཆ་ཁ་ཤས་ལ་རྟ་བཞོན་ནས་འགྲོ་ཆོག་མོད། ས་ཆ་མང་པོར་ད་དུང་རྐང་ཐང་དུ་འགྲོ་དགོས། གངས་ཆེན་པོ་བབས་ནས་པུས་མོའི་མཚམས་སུ་སླེབས་པ་རྒྱུན་ལྡན་རེད། ཡིན་ན་ཡང་ཁོང་གིས“ངེས་པར་དུ་སྐོར་སྲུང་ལ་འགྲོ་དགོས། དེ་ནི་དོར་ཐབས་མེད་པའི་ལས་འགན་རེད”ཅེས་བཤད།
  ཨ་ཕར་སྐོར་སྲུང་ལས་འགན་སྒྲུབ་རོགས་བྱེད་པ་ཡིན་ཡང་། བསོད་ནམས་རྡོ་རྗེས་སྔ་ས་ནས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་རང་བྱུང་ལ་གུས་སྐྲག་དང་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་རྒྱུ་དེ་སེམས་གཏིང་དུ་ཟུག་ཡོད། ཁོང་གི་བསམ་པར་མི་ཚང་མར་རང་ཉིད་ཀྱི་གདམ་ག་ཡོད། “སློབ་ཆེན་ཐོན་རྗེས་རང་བྱུང་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་གྱུར་པ་འདི་ཁྱིམ་ཚང་སློབ་གསོ་དང་ཁ་འབྲལ་ཐབས་མེད” རང་ཉིད་ལ་འགྱོད་པ་འདུག་གམ་ཞེས་འདྲི་སྐབས། ཁོང་གིས་ཚིག་ཐག་ཆོད་པོས“ལས་ཀ་དེར་ང་ཧ་ཅང་དགའ། ད་ཆ་ཉེ་འཁོར་གྱི་གཞོན་ནུ་མང་པོ་ཞིག་སྐྱེ་ཁམས་སྲུང་སྐྱོང་བར་གྱུར་ཡོད”ཅེས་བཤད།
  ཨ་ཕའི་ལས་ཀ་བུ་ཡིས་རྒྱུན་འཛིན་བྱས་པས། ལྟ་སྐྱོང་དང་གསར་སྐྱེས་ནི་གངས་རིར་འཕྲོས་པའི་ཞོགས་པའི་ཉི་འོད་ཇི་བཞིན་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད།