ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བས། ཀུན་གྱིས་རེ་སྒུག་བྱེད་བཞིན་པའི་ལྷ་ས་གྲོང་ཁྱེར་གྱི2026ལོའི་དཔྱིད་གསར་དུས་ཆེན་དང་བོད་མེ་རྟ་ལོའི་ལོ་གསར་སྤྲོ་ཚོགས(ལྷ་སའི་ལོ་གསར་སྤྲོ་ཚོགས་ཞེས་པར་བསྡུ་རྒྱུ)མཐའ་མཇུག་གི་གྲ་སྒྲིག་དུས་མཚམས་སུ་སླེབས་ཡོད། ཟླ2པའི་ཚེས4ཉིན་གྱི་དགོང་མོར། ལྷ་སའི་ལོ་གསར་སྤྲོ་ཚོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྔོན་སྦྱོང་འཁྲབ་སྟོན་ལེགས་པར་འགྲུབ་ཅིང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་རིག་གནས་ལུས་རྩལ་ལྟེ་གནས་སུ་བསྐྱོད་དེ། ཡུལ་དངོས་ནས་ལེ་ཚན་ཁག་གི་ངོ་མཚར་ཆེ་བའི་ཕབ་ལེན་གྱི་རྣམ་པ་འཚོལ་ཞིབ་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ལོ་འཁོར་གྱི་རིག་གནས་གསོལ་སྟོན་ལ་མིག་གི་ལོངས་སྤྱོད་བྱས།

2026ལོའི་ལྷ་སའི་ལོ་གསར་སྤྲོ་ཚོགས་ཀྱི་ལེ་ཚན་སྔོན་སྦྱོང་ཡུལ་དངོས།
སྤྲོ་ཚོགས“གནས་མཆོག་ལྷ་ས”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ནས། རྟ་ལོའི་སྤྲོ་སྣང་གི་རྣམ་པ་དང་ཟུང་འབྲེལ་སྒོས་ལྷ་སའི་ལོ་རྒྱུས་རིག་གནས་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས། དུས་རབས་ཀྱི་སྙིང་སྟོབས་བཅས་བསྲེས་ནས། ལེ་ཚན33དེ“ཉམས་འགྱུར། མཉམ་འདྲེས། གསར་འབྱེད། ཞི་མཐུན”ཞེས་པའི་ལེའུ་བཞིར་དབྱེ་ནས་གླུ་གཞས་དང་། ཞབས་བྲོ། རྩལ་རྩེད། ལྷ་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་བརྒྱུད་གནའ་བོའི་གྲོང་ཁྱེར་ལྷ་སའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་དེང་རབས་ཀྱི་གསོན་ཤུགས་མཉམ་དུ་སྦྲེལ་ཡོད།

2026ལོའི་ལྷ་སའི་ལོ་གསར་སྤྲོ་ཚོགས་ཀྱི་ལེ་ཚན《ལས་འབྲེལ་སྟངས་སྟབས》ཞེས་པ་དེས་སྲོལ་རྒྱུན་གྱི་ལྷ་མོ་དང་ཀྲུང་གོའི་རྩལ་རྩེད་ཚོགས་པའི་འཁྲབ་སྟོན་མཉམ་འདྲེས་འཚམ་མཐུན་བྱུང་།
ལེ་ཚན་སྔོན་སྦྱོང་ཡུལ་དངོས་སུ། སྤྲོ་སེམས་འཁོལ་བའི་བྱིས་པའི་རས་པ་ཞིག་གིས་ཚོགས་ར་ཡོངས་ཀྱི་སྤྲོ་བ་རབ་ཏུ་འཕེལ་ཡོད། ལྷ་ས་གྲོང་ཁྱེར་ནས་ཡོང་བའི་སློབ་མ་བཅུ་ཕྲག་ཁ་ཤས་ཀྱིས་ལག་གཡོན་དུ་རྔ་དང་། ལག་གཡས་སུ་རྔ་གཡོག་བཟུང་སྟེ། འགྲོས་མཉམ་པའི་སྟངས་སྟབས་ལས་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་མངོན་པར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་སློབ་ཁུལ་ནས་ཡོང་བའི་བསྟན་འཛིན་སྒྲོལ་མ་ནི་ལེ་ཚན་དེའི་ནང་གི་གཙོ་འཁྲབ་པ་ཡིན་པ་དང་། ཁོ་མོས་གསར་འགོད་པར་ལྷ་སའི་སྤྲོ་ཚོགས་ཀྱི་གར་སྟེགས་ཐོག་བསྟུད་མར་ཐེངས་འགའ་ཞུགས་མྱོང་། རང་ཉིད་རས་པ་སྦྱོང་མཁན་ཞིག་ཡིན་པའི་ངོས་ནས་གཟི་བརྗིད་ལྡན་ལ་འགན་འཁྲི་ཆེན་པོ་ཡོད་པས་རང་ཉིད་བརྒྱུད་ནས་རས་པ་རྒྱུན་འཛིན་བྱེད་འདོད་ཡོད་ཅེས་བཤད།

2026ལོའི་ལྷ་སའི་ལོ་གསར་སྤྲོ་ཚོགས་ཀྱི་ལེ་ཚན《དུས་རབས་གསར་པར་སྐུལ》ཞེས་པ་བསྟན་འཛིན་སྒྲོལ་མ(དཀྱིལ)དང་གྲོགས་པོ་ཆུང་ཆུང་ཚོས་མཉམ་དུ་འཁྲུག་ཆ་དོད་པའི་རས་པ་འཁྲབ་སྟོན་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དུང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོ་ནས་ཡོང་བའི་ཨ་ཅག་དབྱངས་ཅན་གྱིས་གཟབ་མཆོར་ལེགས་པར་སྤྲས་ནས་རང་ཉིད་ཀྱིས་བཟོས་པའི“ལོ་གསར་མེ་ཏོག”ལག་ཏུ་བཟུང་སྟེ། གྲོང་ཚོ་མི་འདྲ་བ་ནས་ཡོང་བའི་ཨ་ཅག་གཞན་དག་དང་མཉམ་དུ་ལྟད་མོ་བར“གྲོང་ཚོའི་ཤོམ་བགྲོས”འཁྲབ་སྟོན་བྱས། ཨ་ཅག་དབྱངས་ཅན་གྱིས་གསར་འགོད་པར་རང་ཉིད་ལྷ་སའི་ལོ་གསར་སྤྲོ་ཚོགས་ཀྱི་གར་སྟེགས་ཐོག་ཞུགས་ཐུབ་ཀྱི་རེད་སྙམ་པ་བསམ་པའི་ཡུལ་ལས་འདས། གོ་སྐབས་དེ་བརྒྱུད་ཡུལ་མི་ཚོའི་ལག་བཟོས་ཐོན་རྫས་དང་བོད་ཀྱི་ལོ་གསར་གྱི་གོམས་སྲོལ་རིག་གནས་མི་དེ་བས་མང་བས་རྒྱུས་མངའ་ལོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།

2026ལོའི་ལྷ་སའི་དགོང་ཚོགས་ཀྱི་ལེ་ཚན《གྲོང་ཚོའི་ཤོམ་བགྲོས་ཀྱི་རྒྱན་གོས་ངོམ་སྟོན》ཞེས་པ་ཨ་ཅག་དབྱངས་ཅན(གཡོན)གྱིས་གྲོང་མི་དང་མཉམ་དུ་འཁྲབ་སྟོན་བྱེད་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལྷ་སའི་སྤྲོ་ཚོགས་ཟླ2པའི་ཚེས18ཉིན་ཏེ(ལོ་གསར་ཚེས་གཅིག)གི་སྔ་དྲོའི་ཆུ་ཚོད8པར“འདི་གར་ནི་ལྷ་ས་རེད”དང“ལྷ་ས་ཁྱབ་བསྒྲགས”“ལྷ་སའི་སྨྱན་སྦྱོར་མཉམ་འདྲེས”སོགས་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་ལམ་ནས་སྟོན་རྒྱུ་རེད།
རྩོམ་སྒྲིག་པ། རིག་གྲོལ།