ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་བཟང་གསེར་གྱི་སྡོང་པོ་ཟེར་ན་འདི་འདྲ་རེད།

སྤེལ་དུས 2026-02-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            2026ལོའི་ཟླ2པའི་ཚེས10ཉིན། བོད་ཀྱི་ལོ་གསར་ཤར་ལ་ཉེ་བའི་དུས་སྐབས་དེར། འདམ་གཞུང་རྫོང་གི་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་དུ་ཉེན་རྟོག་དང་མི་དམངས་ལག་གདང་སྦྲེལ་ནས་དྲང་བདེན་གྱི་ནུས་པ་བརྒྱུད་སྤྲོད་བྱེད་པའི་ཡིད་སེམས་དྲོ་བའི་གཏམ་རྒྱུད་ཅིག་བྱུང་ཞིང་། དོན་རྐྱེན་དེ་ལས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་གཡོ་ཟོལ་མེད་པའི་ལྷག་བསམ་གྱི་རང་མདངས་དང་། མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་གསལ་ལྷང་ངེར་མཚོན་ཡོད།


            ཉིན་དེར། མྱུར་བགྲོད་གཞུང་ལམ་འདམ་གཞུང་ཞབས་ཞུ་ཁུལ་གྱི་གཙང་སྦྲའི་ལས་མི་ཞིག་གིས་ལས་ཀ་བྱེད་བཞིན་པའི་སྐབས་སུ། འགྲུལ་པས་ཡིད་གཟབ་མ་བྱས་པར་ལུས་པའི་ལག་ཁྱེར་ཁུག་མ་ནག་པོ་ཞིག་རྙེད་ཅིང་། དེའི་ནང་དུ་དངུལ་སྨར་སྒོར37700དང་། གཞན་ཡང་དཔང་ཡིག་དང་ལག་ཁྱེར་གལ་ཆེན་སྣ་ཚོགས་ཡོད་པ་མཐོང་། གློ་བུར་དུ་ལག་ཏུ་འབྱོར་བའི་དངུལ་དང་དངོས་པོ་འབོར་ཆེན་དེའི་མདུན་དུ། གཞི་རིམ་གྱི་ངལ་རྩོལ་པ་དཀྱུས་མ་དེར་གཞན་ནོར་བདག་གིར་འཛིན་པའི་འདོད་རྔམ་གྱི་ཀུན་སློང་སྤུ་ཙམ་ཡང་མ་སྐྱེས་པར། འཕྲལ་མ་ཉིད་དུ་ཉེན་རྟོག་པར་ཞུས་ཏེ། བོར་དངོས་གང་མགྱོགས་དོ་བདག་གི་ལག་ཏུ་འབྱོར་བའི་རེ་བ་བཏོན།

            འདམ་གཞུང་རྫོང་སྤྱི་བདེ་ཅུད་འདམ་ཆུ་གྲོང་རྡལ་མངགས་གཏོང་ཁང་གིས་དོན་དེ་ཐོས་འཕྲལ། “མང་ཚོགས་ཀྱི་ཁེ་ཕན་ལ་ཆེ་ཆུང་མེད”ཅེས་པའི་ལས་ཀའི་དམ་བཅའ་དང་དོ་བདག་གི་རྩ་ཆེའི་རྒྱུ་ནོར་བོར་བརླག་སོང་བའི་སེམས་འཚབ་ལ་བསམ་ཤེས་ཀྱིས་མྱུར་དུ་བྱ་སྤྱོད་སྤེལ། ཉེན་རྟོག་པས་ཐབས་ལམ་དུ་མ་སྤྱད་དེ་མྱུར་ཚད་མགྱོགས་ཤོས་ཀྱི་སྒོ་ནས་བོར་བདག་གི་ཆ་འཕྲིན་རྩད་ཆོད་པ་མ་ཟད། དོ་བདག་དང་འབྲེལ་བ་བྱེད་ཐུབ་པ་བྱུང་།

            དེ་ནས་ཡུལ་དངོས་སུ་རྒྱུ་བདག་གི་ཐོབ་ཐང་དང་བོར་དངོས་རྣམས་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད། ཉེན་རྟོག་པས་ལག་ཁྱེར་ཁུག་མ་དང་། དངུལ་སྨར། དཔང་ཡིག་བཅས་གྲངས་ཚང་ཕྱིར་སྤྲད་པ་དང་། དོ་བདག་གིས་རང་ཉིད་ཀྱི་རྩ་ཆེའི་རྒྱུ་ནོར་རྣམས་བོར་ནས་སླར་ཡང་རྙེད་པའི་དགའ་ཚོར་གྱིས་སེམས་འགུལ་ཐེབས་བཞིན་དུ། གཙང་སྦྲའི་ལས་མིའི་བླ་ན་མེད་པའི་ཀུན་སྤྱོད་དང་། ཉེན་རྟོག་པས་མི་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་ཞུ་བའི་ལྷག་བསམ་ལ་བཀའ་དྲིན་ཆེ་ཞེས་ཞུས།

            བྱ་བ་ཆུང་ངུ་ཞིག་ལས་དམངས་སེམས་ཀྱི་དྲོད་ཁོལ་ཉམས་སུ་མྱོང་ཐུབ་ལ། ཞིབ་ཕྲའི་ལས་དོན་ཁྲོད་ནས་འགན་འཁྲིའི་རི་མོ་གསལ་པོར་མངོན། ཐེངས་འདིའི་“བོར་དངོས་བདག་པོར་འཕྲོད་པའི”གཏམ་རྒྱུད་དེ་ནི། གཞི་རིམ་མང་ཚོགས་ཀྱི་གཞུང་དྲང་ཞིང་བབ་ཆགས་པའི་སྤྱོད་བཟང་གི་མཚོན་ཚུལ་གསོན་པོ་ཞིག་ཡིན་ལ། དེ་ནི་མི་དམངས་ཉེན་རྟོག་པས་ཐོག་མའི་བསམ་འདུན་དང་འོས་འགན་ལག་ལེན་དུ་བསྟར་ནས། མང་ཚོགས་ཀྱི་དུས་བདེ་སྲུང་སྐྱོང་བྱེད་པའི་བདེན་དཔང་ཞིག་ཀྱང་རེད།

རྩོམ་སྒྲིག་པ། རིག་གྲོལ།