སའི་གོ་ལའི་གླིང་སྣེ་གསུམ་པ་ཞེས་པའི་མཚན་སྙན་ཡོད་པའི་འཛམ་གླིང་གི་ཆེས་མཐོ་བའི་རི་བོ་སྟེ། ཇོ་མོ་གླང་མ་དེ་ཉེ་བའི་ལོ་འདི་དག་ལ་ཅིའི་ཕྱིར་གློ་བུར་དུ་ཇེ་མཐོར་སོང་བའི་ཐད་ལ་འཛམ་གླིང་ཧྲིལ་བོས་དོ་ཁུར་བྱེད་བཞིན་ཡོད།
ཉེ་ལམ། 《རང་བྱུང-སའི་གོ་ལའི་ཚན་རིག》ཅེས་པའི་ཆེད་ལས་རིག་གཞུང་དུས་དེབ་ཏུ་བཀོད་པའི་དཔྱད་རྩོམ་ཞིག་ཏུ། ཇོ་མོ་གླང་མ་ཉེ་བའི་ལོ་འདི་དག་ལ་ཇེ་མཐོར་སོང་བའི་རྒྱུ་རྐྱེན་ནི་ཚད་ངེས་ཅན་ཞིག་ནས་ལོ་ངོ་ཁྲི8.9ཡི་ཡར་སྔོན་ལ་བྱུང་བའི་བཞུར་ཆུའི་རྒོལ་འཕྲོག་དོན་རྐྱེན་ཞིག་གིས་ས་བྱད་ལ་ཤུགས་རྐྱེན་ཐེབས་པ་དང་འབྲེལ་བ་ཡོད་པར་བསྟན་འདུག་ཅིང་། དཔྱད་རྩོམ་འདིའི་རྩོམ་པ་པོ་ལྟར་ན། དོན་རྐྱེན་འདིས་ཇོ་མོ་གླང་མའི་མཐོ་ཚད་སྨི15ནས50ཇེ་མཐོར་བཏང་ཡོད་སྲིད།
འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་བརྗིད་ཉམས། རི་རྐེད་སྤྲིན་དཀར་གྱིས་བཟུང་བ། སུན་ཙི་ཧྥ་ཡིས་པར་བླངས།
དཔྱད་རྩོམ་འདིས་ངོ་སྤྲོད་བྱ་རྒྱུར། ཧིན་རྡུ་དུམ་ལེབ་དང་ཡ་ཡོབ་དུམ་ལེབ་རྒྱུན་མཐུད་ངང་གཅིག་ཏུ་འདུས་པ་ཡིས་ཧི་མ་ལ་ཡའི་རི་རྒྱུད་དང་སའི་གོ་ལའི་སྟེང་གི་རི་བོ་མཐོན་པོ་ཁ་ཤས་གྲུབ་པར་བྱས་ལ། དེའི་ཁྲོད་དུ། མཚོ་འཕགས་ལ་སྨི8849ཉེ་བར་ཡོད་པའི་རི་བོ་ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་བོ་མཐོན་པོ་ཨང་གཉིས་པ་ལས་སྨི250ལྷག་གིས་མཐོ་བ་རེད། དེ་སྔོན་གོ་ལ་ཧྲིལ་བོའི་གནས་གཏན་མ་ལག(GPS)གི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། ཇོ་མོ་གླང་མ་ཉེ་བའི་ལོ་འདི་དག་ལ་ལོ་རེར་ཧའོ་སྨི2ཀྱི་འགྲོས་ཚད་ལྟར་ཇེ་མཐོར་འགྲོ་བཞིན་ཡོད་ལ། འགྲོས་ཚད་འདི་ནི་ཧི་མ་ལ་ཡའི་རི་རྒྱུད་ཇེ་མཐོར་འགྲོ་བའི་འགྲོས་ཚད་ལ་སྔོན་དཔག་བྱས་པ་ལས་བརྒལ་འདུག སྣང་ཚུལ་འདི་ཡིས་ཁྱབ་ཁོངས་ཀྱི་གྲུབ་ཚུལ་འགུལ་སྐྱོད་ལས་གཞན། ད་དུང་རྐྱེན་སྲོལ་གཞན་པས་ཇོ་མོ་གླང་མ་ཇེ་མཐོར་འགྲོ་བ་ལ་སྐུལ་འདེད་བྱེད་བཞིན་ཡོད་པ་མཚོན།
རི་བོ་ཇོ་མོ་གླང་མ་དང་ཨ་རུན་ཆུ་བོ། པར་རིས་ཏའེ་ཅིན་ཀིན་གྱིས་འདོན་སྤྲོད་བྱས།
ཞིབ་འཇུག་འདིའི་ཁྲོད་དུ། དཔྱད་རྩོམ་གྱི་ཐུན་མོང་འཕྲིན་གཏོང་རྩོམ་པ་པོ་དང་ཀྲུང་གོའི་ས་གཤིས་སློབ་གྲྭ་ཆེན་མོའི་ཡོན་ཧྲི་ཝང་ཁྲིང་ཧྲན་རུ་ཁག་གི་དགེ་རྒན་ཆེན་མོ་ཏའེ་ཅིན་ཀིན་དང་ཁོའི་ལས་གྲོགས། མཉམ་འབྲེལ་མཁན་བཅས་ཀྱིས་མཉམ་དུ་ཇོ་མོ་གླང་མའི་ཉེ་འགྲམ་གྱི་བཞུར་ཆུའི་འགྱུར་ལྡོག་གིས་ཇོ་མོ་གླང་མ་ཉེ་བའི་ལོ་འདི་དག་ལ་ཇེ་མཐོར་འགྲོ་བར་སྐུལ་འདེད་བྱས་ཡོད་མེད་ཐད་ཞིབ་འཇུག་བྱས། ཁོ་ཚོས་གྲངས་ཐང་དཔེ་དབྱིབས་སྤྱད་དེ་ཨ་རུན་ཆུ་བོ་དང་དེའི་སྨད་རྒྱུད་ཀྱི་ཆུ་བོའི་འགྱུར་ལྡོག་ལ་ལད་ཟློས་བྱས་ནས་ད་སྔའི་ས་དབྱིབས་དང་བསྡུར་བ་བྱས་ཡོད། ལད་ཟློས་འབྲས་བུ་ལས་མངོན་པ་ལྟར་ན། ཨ་རུན་ཆུ་བོ་ཡིས་ལོ་ངོ་ཁྲི8.9ཡི་སྔོན་ལ་སྟོད་རྒྱུད་ཀྱི་བུམ་ཆུ་རྒོལ་འཕྲོག་བྱས་མྱོང་ཡོད་པ་དང་། ཐེངས་དེར་ཆུ་བོས་བཞུར་ལམ་བརྗེས་ཏེ་བཞུར་ལམ་གསར་བར་འཕྲོད་བསྟུན་བྱེད་པའི་གོ་རིམ་ཁྲོད་འགྲོས་མགྱོགས་པའི་སླད་སྐྱོན་ཐེབས་ཏེ། མཐར་ཨ་རུན་ཆུ་བོའི་གྲོག་རོང་ཟབ་མོ་གྲུབ་པ་རེད།
དགེ་རྒན་ཆེན་མོ་ཏའེ་ཅིན་ཀིན་གྱིས་བསྟན་དོན། བཞུར་ཆུའི་སླད་སྐྱོན་གྱིས་བཞུར་ལམ་འགྲམ་རྒྱུད་ཀྱི་མཐོ་ཚད་ཁག་ཇེ་དམའ་རུ་བཏང་ཡོད་ནའང་། གྲོག་རོང་གྲུབ་སྐབས་བྱུང་བའི་དངོས་པོ་མང་པོ་ཁྱེར་བས། དེས་ཇོ་མོ་གླང་མ་གཏོགས་པའི་ཉེ་འཁོར་གྱི་ས་བྱད་ཇེ་མཐོར་འགྲོ་བར་ཁ་གསབ་ཀྱི་ཚུར་སྣང་ཐོན་ཡོད།
ནུབ་ཁའི་ཉི་མ་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་ཐོག་ལ་འཕྲོས་པ། སུན་ཙི་ཧྥ་ཡིས་པར་བླངས།
དཔྱད་རྩོམ་གྱི་རྩོམ་པ་པོས་ཕྱོགས་བསྡོམས་བྱ་རྒྱུར། དུམ་ལེབ་འགུལ་སྐྱོད་དང་བསྡུར་ན། བཞུར་ཆུའི་སླད་སྐྱོན་གྱིས་ས་དབྱིབས་གྲུབ་པའི་ཐད་བཞག་པའི་བྱས་རྗེས་ནི་ལྟོས་བཅས་ཀྱིས་ཅུང་ཆུང་ནའང་། གོ་རིམ་འདིས་ཁྱབ་ཁོངས་ཀྱི་སླད་སྐྱོན་དཔེ་དབྱིབས་དང་རི་བོ་མུ་མཐུད་དུ་ཇེ་མཐོར་འགྲོ་བའི་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད་པ་རེད།