ཞི་ཅིན་ཕིང་གིས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།
སྤེལ་དུས 2020-06-03
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཞི་ཅིན་ཕིང་གིས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ལམ་ལུགས་འདུས་གྲུབ་གསར་གཏོད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་ཚད་གཞི་མཐོ་བའི་སྒོ་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་དགོས་ཞེས་ནན་སྟོན་གནང་བ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཧའེ་ནན་དུ་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་འཐབ་ཇུས་ཀྱི་ཇུས་བཀོད་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས། རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་སྦྲེལ་མཐུད། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་རྒྱུག་སྟབས་བདེ་ཡོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་དགོས། ལམ་ལུགས་འདུས་གྲུབ་གསར་གཏོད་བྱ་རྒྱུ་དེ་མངོན་གསལ་ཆེ་བའི་གནས་བབ་ཐོག་བཞག་ཐོག བསམ་བློར་བཅིངས་འགྲོལ་དང་། ཁོག་ཡངས་གསར་གཏོད་ཀྱིས། གང་ཞིག་གནད་ལ་སྨིན་པར་གྱུར་ཚེ། དེ་ལག་བསྟར་བྱེད་དགོས་པ་དང་། བརྟན་འགྲོས་རྒྱང་སྐྱོད་དང་རྒྱུན་བསྲིངས་ལྷོད་མེད་ངང་བྱས་རྗེས་འཇོག་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཧའེ་ནན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ཁ་ཕྱོགས་ཡང་དག་འཛིན་པ་དང་། འགན་འཁྲི་འཁུར་ཕོད་པ་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ། སྲིད་ཇུས་ཀྱི་ཐོག་མའི་བཀོད་སྒྲིག་དོན་འཁྱོལ་ཐད་དམ་འཛིན་བྱེད་པ་དང་། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པས་ཁྱོན་ཡོངས་ལ་གཞིགས་ནས། ཧའེ་ནན་གྱིས་བློ་ཁོག་ཆེན་པོས་སྒྱུར་བཅོས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་ཐད་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་སྐྲུན་པའི་ཁྱབ་ཁོངས་ནི་ཧའེ་ནན་གླིང་ཕྲན་ཧྲིལ་པོ་ཡིན་ཞིང་། སྤྱི་ལོ2025ལོར་སླེབས་སྐབས་ཉོ་ཚོང་རང་མོས་སྟབས་བདེ་དང་མ་འཇོག་རང་མོས་སྟབས་བདེ་ཡོང་བ་བྱ་རྒྱུ་གཙོ་གནད་དུ་གྱུར་བའི་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ལམ་ལུགས་མ་ལག་རགས་ཙམ་འཛུགས་ཐུབ་པ་བྱ་རྒྱུ་དང་། སྤྱི་ལོ2035ལོར་སླེབས་སྐབས་རང་རྒྱལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་མཐོ་ས་གསར་པར་འགྱུར་བ་བྱ་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེ་ཙམ་ལྡན་པའི་ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་གྲུ་ཁ་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།