ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་དང་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པ་ནི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཞིག་ཡིན་པས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་སྐུལ་འདེད་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས་པ་དང་། ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱ་མཚོར་ཕྱོགས་ནས་སྟོབས་ཆེར་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུར་སྐྱོད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་པའི་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་པའི་ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་གསུངས་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་གཞི་རྩའི་བླང་བྱ་ནི“གཅིག་གྱུར་ལྔ་དང་སྒོ་དབྱེ་གཅིག”སྟེ། ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་དང་། ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར། སྲིད་གཞུང་གི་བྱ་སྤྱོད་ཚད་གཞི་གཅིག་གྱུར། ཁྲོམ་རའི་ལྟ་འདོམས་ཁྲིམས་སྒྱུར་གཅིག་གྱུར། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁྲོམ་ར་གཅིག་གྱུར་བཅས་བྱས་ནས་ཕྱི་ནང་དུ་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་དེ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར། གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་རིན་གོང་དམའ་བ་དང་སྲོལ་ལས་འགལ་བའི་འགྲན་རྩོད་བཅོས་སྐྱོང་དང་ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ་རྗེས་ལུས་ཐོན་ནུས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་ཉོ་བ་དང་འོས་སྐུལ་འོས་དཔོད་ཚད་ལྡན་དུ་བཏང་ནས་འོས་ཐོབ་འབྲས་བུར་འདྲ་མཉམ་ངང་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་དགོས། ས་གནས་ཀྱི་ཚོང་འགུགས་མ་འདྲེན་ཚད་ལྡན་དུ་བཏང་ནས་ཚོང་འགུགས་མ་འདྲེན་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པར་ཤུགས་སྣོན་རྒྱག་དགོས། ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཕྱིར་གཏོང་ཚོང་ཟོག་ནང་ཁུལ་དུ་འཚོང་བའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ཏེ་ཕྱི་ནང་ཉོ་ཚོང་གི་སྤུས་ལེགས་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས། ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་ཁྲོམ་ར་གཅིག་གྱུར་ལ་ཕན་པའི་ནོར་ཁྲལ་སྒྲིག་སྲོལ་དང་། བསྡོམས་རྩིས་ཞིབ་རྩིས་ལམ་ལུགས། ཡིད་རྟོན་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔྱད་ཞིབ་མ་ལག་དང་ལས་བྱེད་པའི་སྲིད་སྐྱོང་བྱས་རྗེས་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུར་དེ་བས་གཙིགས་ཆེན་དང་། ཕན་ཆེ་མཐུན་སྦྱོར་ལ་དེ་བས་གཙིགས་ཆེན། ཐོན་ལས་གསར་བརྗེས་ལ་དེ་བས་གཙིགས་ཆེན། མི་དང་རྒྱ་མཚོ་འཆམ་མཐུན་ཡོང་བར་དེ་བས་གཙིགས་ཆེན། མཉམ་ལས་གཉིས་ཕན་ལ་དེ་བས་གཙིགས་ཆེན་བཅས་བྱེད་དགོས།
ཚོགས་འདུའི་ཐོག་གསུངས་དོན། རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ལ་ཧུར་ཐག་གཏོང་བར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། རྒྱ་མཚོའི་ཚན་རྩལ་རང་བདག་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་རྒྱ་མཚོའི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་ནས་རྒྱ་མཚོའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། རྒྱ་མཚོའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས་མཚོ་ཐོག་རླུང་གློག་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐག་རིང་རྒྱ་མཚོའི་ཉ་འཛིན་ལས་སྒོ་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་སྐྱེ་དངོས་སྨན་རྫས་དང་ཐོན་རྫས་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་དམིགས་ས་སྐྲུན་པ་བཅས་བྱས་ཏེ། མཚོ་ཐོག་སྐྱེལ་འདྲེན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཚོ་ཁུག་དཔལ་འབྱོར་འཕེལ་རྒྱས་ལ་འཆར་འགོད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མཚོ་རྒྱུད་གྲུ་ཁའི་ཁྱུ་ཚོགས་ལེགས་སྒྱུར་བསྡུ་སྒྲིལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་མཚོ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་ལག་བསྟར། མཚོ་ཁོངས་རིམ་དབྱེ་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱ་མཚོའི་ཐཱན་བསྡུས་ཞིབ་རྩིས་འཚོལ་ཞིབ་ཀྱི་ལས་དོན་སྤེལ་བ་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་རྒྱ་མཚོའི་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་ནས་གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཚན་ཞིབ་བརྟག་དཔྱད་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། རྒྱ་མཚོའི་དཔལ་འབྱོར་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་དགོས།
ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད།