ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་དང་ཞལ་པར་བསྐྱོན་པ།
སྤེལ་དུས 2025-11-25
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་24ཉིན་གྱི་དགོང་མོར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་བསྐྱོན་གནང་ཡོད།
ཞི་ཅིན་ཕིང་གིས། ཟླ་བ་གོང་མར་ང་ཚོས་ལྷོ་ཁོ་རེ་ཡའི་ཧྥུ་ཧྲན་དུ་ལེགས་གྲུབ་ལྡན་པའི་ངང་ཐུག་འཕྲད་བྱས་ཤིང་། ཐུན་མོང་ངོས་འཛིན་གལ་ཆེན་མང་པོ་བྱུང་སྟེ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདི་ཉིད་བརྟན་པོ་དང་སྐྱོན་བྲལ་ངང་མདུན་ཕྱོགས་སུ་སྐྱོད་རྒྱུར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་བསྣན་ཡོད་ལ། འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་འཕྲིན་བཏང་ཡོད། ཧྥུ་ཧྲན་དུ་ཐུག་འཕྲད་བྱས་པ་ནས་བཟུང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྤྱི་ཡོངས་ནས་བརྟན་པོ་དང་ཡག་ཏུ་ཕྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དགའ་བསུ་ཞུས་ཡོད། ཀྲུང་གོ་དང་ཨ་རི་གཉིས་“མཐུན་ན་གཉིས་ཕན་དང་འཐབ་ན་གཉིས་ཕམ་”ཡིན་པ་དེ་ལག་ལེན་དངོས་ཀྱིས་ར་སྤྲོད་ཐེངས་མང་བྱས་པའི་རྒྱུན་ཤེས་ཤིག་ཡིན་པ་དང་། ཀྲུང་གོ་དང་ཨ་རིའི་དབར་“ཕན་ཚུན་གྲུབ་འབྲས་གཏོད་པ་དང་ཐུན་མོང་དར་རྒྱས་ཡོང་བ་”ནི་མིག་མཐོང་ལག་ཟིན་ཡིན་པ་དོན་དངོས་ལས་སླར་ཡང་གསལ་བཤད་ཐུབ་ཡོད་པས། ཕྱོགས་གཉིས་པོས་འཕེལ་ཕྱོགས་འདི་རྒྱུན་འཁྱོངས་བྱས་ཐོག ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་རྣམ་འགྱུར་འཛིན་པ། མཉམ་ལས་མང་དུ་གཏོང་བ་དང་གནད་དོན་ཉུང་དུ་གཏོང་བ། དགེ་མཚན་ལྡན་པའི་འཕེལ་རིམ་དེ་བས་མང་བ་བརྩོན་ལེན་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐད་མཉམ་ལས་ཀྱི་བར་ཁམས་གསར་པ་གཏོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོས་ཐེ་ཝན་གནད་དོན་ཐད་འཛིན་པའི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་གནང་བ་དང་། ཐེ་ཝན་ཀྲུང་གོའི་པང་དུ་ལོག་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨ་རིས་དེ་སྔོན་དཔུང་པ་མཉམ་གཤིབ་ཀྱིས་ཧྥ་ཤི་སི་དང་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱས་མྱོང་བ་དང་། མིག་སྔར་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་དེ་བས་ཀྱང་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་སྟོན་གནང་ཡོད།
ཐེ་རོན་ཕུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ནི་འགོ་ཁྲིད་རླབས་ཆེན་ཞིག་ཡིན། ང་རང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥུ་ཧྲན་དུ་ཐུག་འཕྲད་བྱེད་སྐབས་ཧ་ཅང་སྤྲོ་པོ་བྱུང་། ཁྱེད་རང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཛིན་པའི་གཟིགས་སྟངས་ལ་རྦད་དེ་མོས་མཐུན་ཡོད། ཕྱོགས་གཉིས་པོས་ཧྥུ་ཧྲན་ཐུག་འཕྲད་སྐབས་གྲོས་འཆམ་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་བཞིན་ཡོད། ཀྲུང་གོས་དེ་སྔོན་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཨ་རིས་ཐེ་ཝན་གནད་དོན་དེ་ཀྲུང་གོའི་ངོས་ནས་བརྗོད་ན་གལ་ཆེན་པོ་ཡིན་པར་བསམ་ཤེས་ཐུབ་ཀྱི་འདུག་ཅེས་བརྗོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་སྐོར་གླེང་ཡོད། ཞི་ཅིན་ཕིང་གིས། ཞི་བདེའི་ཆེད་དུ་བྱས་པའི་འབད་བརྩོན་མཐའ་དག་ལ་ཀྲུང་གོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ཕྱོགས་ཁག་གིས་འགལ་ཟླ་ཟམ་མི་ཆད་པར་ཆུང་དུ་གཏོང་བ་དང་། གང་མགྱོགས་ཕྱོགས་ཞེན་མེད་པ་དང་ཡུན་རིང་བ། གཅུན་ནུས་ལྡན་པ་བཅས་ཀྱི་ཞི་བདེའི་གྲོས་ཆོད་ཅིག་ལ་གྲོས་འཆམ་ཡོང་བ་བྱས་ཏེ། འབྱུང་རྩ་ནས་ཉམས་ཉེན་འདི་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།