ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་མཱ་ཁེ་ལུང་དང་མཇལ་མོལ་གནང་བ།

སྤེལ་དུས 2025-12-05 ཡོང་ཁུངས། རྩོམ་པ་པོ།
  ཟླ་12ཚེས་4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་མཇལ་མོལ་གནང་ཡོད།
  ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀ་ནི་མིག་རྒྱང་རིང་བ་དང་འགན་འཁུར་མཁན་གྱི་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་དང་མིའི་རིགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཡིན། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། མིའི་རིགས་སླར་ཡང་གང་འགྲོ་གང་སྡོད་ཀྱི་ལམ་བཞི་མདོ་ཁར་གནས་ཡོད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་དགོས་པ་དང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕུགས་ཀྱི་ཁེ་ཕན་ལ་གཞིགས་ནས། འདྲ་མཉམ་གྱི་སྐད་ཆ་ཤོད་རེས་དང་སྒོ་དབྱེ་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སེའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་“དུས་འཁོར་གསར་པའི་”ནང་སྔར་ལས་བརྟན་པོ་དང་སྔར་ལས་ལེགས་པོ་ཡོང་བར་བྱེད་པ་དང་། དེའི་འཐབ་ཇུས་ཀྱི་རིན་ཐང་གང་ལེགས་མངོན་པར་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།
  ཞི་ཅིན་ཕིང་གིས། ཕྱི་རོལ་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེན་པོའི་འཐབ་ཇུས་ཀྱི་མིག་རྒྱང་དང་རང་བཙན་རང་བདག་མངོན་པར་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་“ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་”གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་དང་། འབྱུང་འགྱུར་ལོ་ལྔའི་ཀྲུང་གོའི་འཕེལ་རྒྱས་ལ་འཆར་འགོད་བྱས་ཡོད་ལ། འཛམ་གླིང་ལ་“གོ་སྐབས་ཀྱི་གསལ་ཐོ་”ཞིག་ཀྱང་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་གོ་སྐབས་དམ་འཛིན་བྱས་ནས། མཉམ་ལས་ཀྱི་བར་ཁམས་རྒྱ་ཆེར་གཏོང་བ་དང་། མཁའ་འགྲུལ་དང་མཁའ་སྐྱོད། ཉིང་རྡུལ་ནུས་པ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ། ལྗང་མདོག་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་གཞི་སྔོག་འདོན་བཅས་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད་ལ། ཧྥ་རན་སེའི་ཁེ་ལས་སྔར་བས་མང་བ་ཀྲུང་གོར་ཡོང་ནས་འཕེལ་རྒྱས་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཧྥ་རན་སེས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་གི་ཁོར་ཡུག་དང་བརྟན་ལྷིང་གི་སྔོན་དཔག་མཁོ་འདོན་བྱ་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་རང་བཞིན་ལྷུན་གྲུབ་ཀྱི་བརྩེ་བ་ལྡན་ཡོད་པས། རིག་གནས་དང་། སློབ་གསོ། ཚན་རྩལ། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མི་ཆོས་རིག་གནས་སྤེལ་རེས་ཀྱི་ངོ་མཚར་ཆེ་བའི་ལེའུ་མུ་མཐུད་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
  ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་ནི་ཞི་བདེ་མེད་པ་དང་། དོ་ཁུར་ཆེ་བའི་གནད་དོན་གང་སར་ཐོན་ཞིང་རྙོག་འཛིང་ཆེ་ལ་ཐག་གཅོད་བྱེད་ཁག་པོ་ཡོད། ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་གཏོད་ཁོངས་གཏོགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ངོས་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ། ཆབ་སྲིད་ཐོག་ནས་རྩོད་གཞི་ཐག་གཅོད་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་འབྲེལ་གཏུག་དང་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་དགོས། མིག་སྔར། འཛམ་གླིང་ཐོག་ལྷོ་བྱང་གི་གོང་འཕེལ་དོ་སྙོམས་མེད་པ་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་ཁྲོད་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་མི་འདང་བ་སོགས་དོ་སྙོམས་མིན་པའི་གནད་དོན་མང་པོ་གནས་པས། རྒྱལ་ཁབ་ཁག་གིས་འགན་འཁྲི་མཉམ་འཁུར་དང་མཐུན་སྦྱོར་བྱ་སྤྱོད་སྤེལ་ནས། ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱ་རྒྱུ་དེ་སྔར་བས་དྲང་གཞག་དང་དྲང་བདེན། ལུགས་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་གླིང་གི་ལོ་ངོ་50རིང་གི་འགྲོ་འོང་མཉམ་ལས་ལ་གཉིས་ཕན་མཉམ་རྒྱལ་དང་ཕན་ཚུན་གྲུབ་འབྲས་གཏོད་རེས་ཐུབ་ཡོད། རྒྱལ་ཁབ་ཁག་གི་ཐོན་མཁོའི་སྦྲེལ་ཐག་ཕན་ཚུན་གཏིང་ཟབ་ཏུ་ཕྱིན་པ་དང་། སྒོ་འབྱེད་མཉམ་ལས་ཀྱིས་གོང་འཕེལ་གྱི་གོ་སྐབས་བསྩལ་ཡོད་པས། སྦྲེལ་ཐག་གཅོད་པའི་བྱེད་སྟངས་དེ་རིགས་ནི་རང་ཉིད་བཀག་སྡོམ་བྱེད་པ་ཞིག་ཡིན། སྲུང་སྐྱོང་རིང་ལུགས་ཀྱིས་འཛམ་གླིང་གི་ཐོན་ལས་གྲུབ་གཞི་ལེགས་སྒྲིག་བྱེད་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ། དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་ཉོ་ཚོང་ཁོར་ཡུག་ཇེ་སྡུག་ཏུ་གཏོང་སྲིད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་རོགས་ཟླའི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་དང་སྒོ་འབྱེད་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་ཀྱིས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་རང་བཙན་རང་བདག་དང་མཉམ་ལས་མཉམ་རྒྱལ་གྱི་ཡང་དག་པའི་ལམ་བུའི་ཐོག་གོང་འཕེལ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
  མཱ་ཁེ་ལུང་གིས། ཧྥ་རན་སེ་དང་ཀྲུང་གོས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱེད་ཀྱི་ཡོད། ཧྥ་རན་སེས་ཀྲུང་གོའི་དབར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ཧྥ་རན་སེ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཀྱང་ཡོད། ཧྥ་རན་སེས་ཀྲུང་གོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ་མཐོང་འདོད་བྱེད་ཀྱི་ཡོད་པ་དང་། སྒོ་དབྱེ་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ལ་གོ་སྐབས་སྔར་ལས་མང་བ་བསྐྲུན་པ་དང་། ཀྲུང་གོ་དང་ཕན་ཚུན་མ་འཇོག་བྱ་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་སླར་སྐྱེས་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཛའ་གྲོགས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཧྥ་རན་སེས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥ་རན་སེར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། གཞུང་དྲང་དང་མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་འདོད་ཡོད། ཧྥ་རན་སེས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་གི་ཡོད་པ་དང་། ཡོ་རོབ་དང་ཀྲུང་གོས་སྐད་ཆ་ཤོད་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡོ་རོབ་དང་ཀྲུང་གོས་འཐབ་ཇུས་རང་བདག་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། འཛམ་གླིང་གི་ས་ཁུལ་དུས་བབ་བརྟན་པོ་མེད་པ་དང་ཕྱོགས་མང་སྒྲིག་སྲོལ་ལ་ཕོག་ཐུག་ཐེབས་པའི་སྐབས་སུ། ཧྥ་རན་སེ་དང་ཀྲུང་གོའི་དབར་མཉམ་ལས་བྱ་རྒྱུ་དེ་དེ་བས་གལ་འགངས་ཆེ་བ་དང་མེད་དུ་མི་རུང་བ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་བསྒྱུར་བཅོས་འཐུས་ཚང་དུ་གཏོང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྔར་བས་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་དགོངས་འཆར་ལ་ཧྥ་རན་སེས་རྦད་དེ་མོས་མཐུན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཉམ་དུ་འཁུར་བ་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ། མི་ཐབས་རིག་ནུས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད།
  རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོས་ཞི་བདེར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། མུ་མཐུད་རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན། ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱིས་འདོན་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། དོ་སྙོམས་དང་ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་གླིང་གི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བར་ཀྲུང་གོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
  མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཉིང་རྡུལ་ནུས་རྒྱུ་དང་། ཞིང་ལས་ཟས་རིགས། སློབ་གསོ། འབྱུང་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ལྷན་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཐུག་འཕྲད་གནང་ཡོད།
  མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཡོད།
  མཱ་ཁེ་ལུང་ཕེབས་འབྱོར་ཟིན་སྐབས། གུས་ལུགས་དམག་གིས་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་།  དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། གནམ་བདེ་སྒོ་མོའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད། མཱ་ཁེ་ལུང་གིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཡོད།
  ཉིན་དེའི་ཉིན་དགུང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་མཱ་ཁེ་ལུང་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་ཡོད།
  ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།