ཚེས་16ཉིན་པར་དུ་སྐྲུན་པའི་《བདེན་འཚོལ་》དུས་དེབ་འདོན་ཐེངས་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་》ཅེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་མགྱོགས་མྱུར་ངང་གོང་འཕེལ་འགྲོ་བའི་དུས་སྐབས་ནས་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་དུས་སྐབས་སུ་འགྱུར་ལྡོག་འགྲོ་མུས་ཡིན་པ་དང་། གྲོང་ཁྱེར་གྱི་གོང་འཕེལ་དེ་གཞི་ཁྱོན་ཆེ་བའི་འཕར་ཚད་རྒྱ་བསྐྱེད་པའི་དུས་མཚམས་ནས་གསོག་འབོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་གཙོ་བོར་འཛིན་པའི་དུས་མཚམས་སུ་ཁ་ཕྱོགས་སྒྱུར་བཞིན་ཡོད་ཅེས་བསྟན་ཡོད།
རྩོམ་ཡིག་ནང་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ལས་དོན་གྱི་སྤྱིའི་བླང་བྱ་བཏོན་ཡོད་པ་དང་། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ལྡན། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། གྲོང་ཁྱེར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ། གྲོང་ཁྱེར་གྱི་ནང་གནས་རྣམ་པའི་གོང་འཕེལ་རྒྱུན་འཁྱོངས་བྱ་རྒྱུ་གཙོ་རྐང་དུ་བྱེད་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པ་ཞིག་གཏོད་དགོས་པའི་ནན་སྟོན་བྱས་ཡོད།
རྩོམ་ཡིག་ནང་། སྤྱིའི་བླང་བྱ་འདི་དོན་འཁྱོལ་བྱེད་པའི་འགག་རྩ་ནི་གྲོང་ཁྱེར་གྱི་ནང་གནས་རྣམ་པའི་གོང་འཕེལ་མཐའ་འཁྱོངས་བྱས་ནས། རྩ་དོན་གལ་ཆེན་འགའ་ཁོང་དུ་ཏན་ཏིག་ཆུད་པ་བྱ་རྒྱུར་ཐུག་ཡོད། གཅིག་ནི་གྲོང་ཁྱེར་གོང་འཕེལ་གཏོང་བའི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས། མི་རྩ་བར་འཛིན་རྒྱུར་སྔར་བས་དང་དོད་བྱེད་དགོས། གཉིས་ནི་གྲོང་ཁྱེར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས། ཞིབ་ལས་འབྲས་བཟང་ལ་སྔར་བས་དང་དོད་བྱེད་དགོས། གསུམ་ནི་གྲོང་ཁྱེར་གོང་འཕེལ་གྱི་སྒུལ་ཤུགས་ལ་འགྱུར་ལྡོག་བཏང་ནས། ཁྱད་ལྡན་གོང་འཕེལ་ལ་སྔར་བས་དང་དོད་བྱེད་དགོས། བཞི་ནི་གྲོང་ཁྱེར་ལས་ཀའི་གཙོ་གནད་ལ་འགྱུར་ལྡོག་བཏང་ནས། བཅོས་སྐྱོང་གཏོང་འཇོག་ལ་སྔར་བས་དང་དོད་བྱེད་དགོས། ལྔ་ནི་གྲོང་ཁྱེར་གྱི་ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་སྔར་བས་དང་དོད་བྱེད་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་གྲོང་ཁྱེར་ལས་ཀའི་ཕྱོགས་བདུན་ཐད་ཀྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཡོད་དེ། དང་པོ། དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་བསྒྱུར་གང་ཐུབ་བྱེད་དགོས། གཉིས་པ། གསོན་ཤུགས་ལྡན་པའི་གསར་གཏོད་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་པ། སྐྱིད་སྣང་དོད་ཅིང་སྟབས་བདེ་བའི་གནས་འཕྲོད་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་པ། སྦགས་མེད་ཐཱན་ཉུང་གི་མཛེས་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་པ། བདེ་འཇགས་ཉེན་མེད་ཀྱི་མཉེན་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་པ། བཟང་བཀུར་དགེ་ཕྱོགས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། བདུན་པ། སྟབས་བདེ་ནུས་ཆེའི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་སོ།།
རྩོམ་ཡིག་ནང་། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཏང་གིས་གྲོང་ཁྱེར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཡང་དག་པའི་སྲིད་དོན་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཚན་རིག་དང་མཐུན་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་དང་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་བྱས་ཡོད།