ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2026-04-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོར་འདེགས་བྱུང་ནས། ཐོན་ལས་ཀྱི་རིམ་སྤར་ལ་འདེགས་སྐྱོར་དང་། དམངས་འཚོའི་དགོས་མཁོ་སྐོང་བ། ལས་ཞུགས་ཤོང་སྐྱེད་ལ་སྐུལ་ཁྲིད་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
            ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དགོས་མཁོའི་སྣེ་ཁྲིད་དང་། བཅོས་སྒྱུར་འགག་སྒྲོལ། ཚན་རྩལ་ནུས་སྐྱེད། སྒོ་འབྱེད་མཉམ་ལས་བཅས་མངོན་གསལ་དོད་དེ། ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེད་ལས་ཅན་དང་རིན་ཐང་ཕྲེང་འབྲེལ་མཐོ་རིམ་ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དང་སྟབས་བདེ་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སྔར་ལས་མང་བའི"ཀྲུང་གོའི་ཞབས་ཞུའི"ཟོང་རྟགས་སྐྱེད་སྲིང་བཅས་བྱས་ནས། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་འབད་བརྩོན་བྱེད་དགོས།
            རྒྱལ་ཡོངས་ཞབས་ཞུའི་ལས་རིགས་ཀྱི་ཚོགས་ཆེན་ཟླ4པའི་ཚེས7ཉིན་ནས་ཚེས8ཉིན་བར་ཉིན་པེ་ཅིན་དུ་འཚོགས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཕྱོགས་བསྡོམས་གསུང་བཤད་གནང་།
            ལི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་དང་། རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་གསལ་བཤད་གཏིང་ཟབ་བྱས་ཡོད་པས། བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་གཏད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ལ། འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། མཐར་ཕྱིན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རང་རྟོགས་ཀྱིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ཞབས་ཞུའི་ལས་རིགས་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་།ནུས་སྐྱེད་དང་སྤུས་འདེགས་མཉམ་དུ་འཛིན་པ་དང་། འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པོ་བཏང་སྟེ། གསོན་ཤུགས་ཀྱིས་ཁེངས་ལ་བདེ་ཐང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས།
            ལི་ཆང་གིས་བསྟན་དོན། མི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་དང་། འཛད་སྤྱོད་གྲུབ་ཚུལ་གྱི་རིམ་སྤོར། ཐོན་ལས་གྲུབ་ཚུལ་སྒྱུར་བ་བཅས་ཀྱི་འཕེལ་ཕྱོགས་དང་བསྟུན་དགོས་ལ། ཐོན་སྐྱེད་འཚོ་བའི་ཁྱབ་ཁོངས་གཙོ་བོར་དམིགས་ནས། རིམ་པ་དང་རིགས་དབྱེ་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་འཕར་གནས་གསར་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་གྲངས་རིག་ཅན་དང་། ཚད་ལྡན་ཅན། མཉམ་འདྲེས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས། སྡོད་དམངས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོར་དམིགས་ནས་གཞི་རྩའི་དགོས་མཁོའི་རིགས་ཀྱི་ཞབས་ཞུ་སྔར་ལས་ཀུན་ཕན་སྤུས་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། སྡོད་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་སྙེགས་པར་དམིགས་ནས་རིམ་སྤོར་རིགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱ་སྐྱེད་དགོས། སྡོད་དམངས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོར་དམིགས་ནས་ཁྱད་ཆོས་ཅན་གྱི་ཞབས་ཞུ་ཞིབ་ཚགས་སུ་གཏོང་དགོས། ཞིབ་འཇུག་གསར་སྤེལ་ཇུས་འགོད་ཆེད་ལས་ཅན་དང་རྩེར་སོན་ཅན་དུ་འགྱུར་བར་དམིགས་ནས་ཚན་རྩལ་ཞབས་ཞུ་རྒྱ་སྐྱེད་གང་མགྱོགས་གཏོང་དགོས། ཐོན་སྐྱེད་ལས་རིམ་གྱི་རིན་ཐང་མཐོ་རུ་གཏོང་བར་དམིགས་ནས། སྔོན་ཐོན་བཟོ་སྐྲུན་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཁྲོམ་རའི་རིན་ཐང་མངོན་འགྱུར་བྱེད་པར་དམིགས་ནས། ཆ་ཚང་བའི་ཆེད་ལས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་དགོས།
            ལི་ཆང་གིས་ནན་གྱིས་བསྟན་དོན། བཅོས་བསྒྱུར་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་འཕེལ་འགྱུར་གྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། "ཡག་པོ་སྒྲུབ་པ"དང"དོ་དམ་ཡག་པོ་བྱེད་པ"རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་རྒྱ་སྐྱེད་བཏང་ནས་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་སྔར་ལས་ཆེ་རུ་བཏང་ནས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། སྡེ་ཁག་སོ་སོ་དང་ས་གནས་སོ་སོས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཧུར་ཐག་གིས་འཚོལ་ཞིབ་གསར་གཏོད་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ལེགས་ནུས་ཆེའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།
            ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཕྱོགས་སྡོམ་གསུང་བཤད་གནང་སྐབས། བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་སྔར་ལས་གཅིག་གྱུར་ཡོང་བར་བྱེད་པ་དང་། ནུས་སྐྱེད་སྤུས་འདེགས་བཏང་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་དགོས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བར་མཐོང་ཆེན་དང་། ཚན་རྩལ་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིག་སྟོབས་ཀྱི་ཞབས་ཞུར་ཤུགས་སྣོན་པ། བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མ་རྩ་ཉུང་ཞིང་ཕན་འབྲས་ཆེ་རུ་གཏོང་བར་དོ་སྣང་བྱས་ནས། དེང་རབས་ཟོང་འགྲུལ་དང་དངུལ་རྩའི་ཞབས་ཞུ། ཚོང་དོན་ཞབས་ཞུ་བཅས་ཇེ་བཟང་ཇེ་ལེགས་སུ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་འཚོའི་དགོས་མཁོ་ལ་དོ་སྣང་བྱས་ནས། རྒྱུན་གཏན་གྱི་འཚོ་བའི་ཞབས་ཞུ་སྔར་ལས་སྟབས་བདེ་དང་སྤྱི་པའི་ཞབས་ཞུ་ནུས་ཆེའི་སྡེབ་སྒྲིག རིག་གནས་དང་ཡུལ་སྐོར་ལུས་རྩལ་སོགས་ཀྱི་ཞབས་ཞུ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བྱེ་བྲག་ཅན་དང་། སྣ་མང་ཅན།སྤུས་ཚད་མཐོ་བ་བཅས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས། གསོན་ཤུགས་ཇེ་ཆེར་གཏོང་བར་དོ་སྣང་བྱས་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ལམ་ལུགས་ཅན་གྱི་སྒོ་འབྱེད་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
            རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཧྲང་ཧའེ་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་།
            ཝུའུ་ཀྲེང་ལུང་ཚོགས་འདུར་ཞུགས།
            ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས། ཀྲུང་དབྱང་གི་ཁེ་ལས་ཁ་ཤས། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད། 
རྩོམ་སྒྲིག་པ།  རིག་གྲོལ།