ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་སི་ལོ་ཝ་ཁེའི་ཙུང་ཐུང་དང་མཇལ་མོལ་གནང་བ།

སྤེལ་དུས 2026-07-29 ཡོང་ཁུངས། རྩོམ་པ་པོ།

             ཟླ་7ཚེས་28ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་ལོ་ཝ་ཁེའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་དང་མཇལ་མོལ་གནང་བ་རེད།

            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་28ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་འཚོགས་ནས། སི་ལོ་ཝ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཡོད་པ་རེད།

            གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གུས་ལུགས་མེ་སྒྱོགས་ཀྱི་སྒྲ་ཐེངས་21གྲགས་ཡོད་པ་རེད།

            ཕེ་ལེ་ཀེ་ལི་ཉིར་ཕེབས་རོགས་གནང་མཁན་གྲས་སུ་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོ་དང་། ཙུང་ཐུང་གཞུང་ལས་ཁང་གི་ཀྲུའུ་རེན་སོགས་ཡོད་པ་རེད།

            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད་པ་རེད།

            དམག་དཔུང་རོལ་ཆ་རུ་ཁག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཡོད།

            ཕེ་ལེ་ཀེ་ལི་ཉི་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་གནང་ཡོད།

            རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕྱིར་ལོག་གནང་ནས་གཟབ་སྦྲེང་རུ་ཁག་གི་རྣམ་འབྱེད་རུ་སྟར་ལ་གཟིགས་གནང་ཡོད།

            ཕེ་ལེ་ཀེ་ལི་ཉི་ནི་ཞི་ཅིན་ཕིང་གི་གདན་ཞུ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།

            དགའ་བསུའི་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་རྣམ་གཉིས་ནས་མཇལ་མོལ་གནང་བ་རེད།

            ཞི་ཅིན་ཕིང་གིས། སི་ལོ་ཝ་ཁེ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། ཀྲུང་གོ་དང་སི་ལོ་ཝ་ཁེའི་མཛའ་བཤེས་ཀྱི་ལྗོན་ཤིང་ནི་རྩ་བ་གཏིང་ཟབ་ཅིང་ལོ་འདབ་རབ་ཏུ་རྒྱས་པ་ཞིག་རེད། 2024ལོར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤར་ཡོད། ཕྱོགས་གཉིས་པོས་མཉམ་དུ་འབད་འརྩོན་བྱས་པའི་འོག རྒྱལ་ཁབ་གཉིས་པོའི་བར་གྱི་ཡིད་ཆེས་རྒྱུན་མཐུད་ངང་ཟབ་ཏུ་ཕྱིན་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོན་པ། སྲོལ་རྒྱུན་མཛའ་བཤེས་མི་སེམས་ལ་ཟུག་ཡོད། ཀྲུང་གོས་སི་ལོ་ཝ་ཁེ་དང་ལྷན་དུ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པ་དང་། འདྲ་མཉམ་གཉིས་ཕན། བརྟན་ལྷིང་འགྱུར་མེད་བཅས་ཀྱི་ཀྲུང་གོ་དང་སི་ལོ་ཝ་ཁེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཏོད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་བསྟན་འདུག

            ཞི་ཅིན་ཕིང་གིས། གོམ་སྟབས་རྗེས་མར་གཙོ་གནད་ཐོག་གཤམ་གསལ་གྱི་ལས་དོན་ཁག་བཞི་ཡག་པོ་བསྒྲུབ་དགོས་པ་སྟེ། གཅིག་ནི་འཐབ་ཇུས་ཀྱི་ཡིད་ཆེས་བརྟན་དུ་བཏང་ནས། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱ་དགོས། མ་གཞི་ཀྲུང་གོ་དང་སི་ལོ་ཝ་ཁེ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ལམ་ལུགས་འདྲ་ཡི་མེད། ཡིན་ནའང་ཕྱོགས་གཉིས་པོས་རང་སོ་སོས་བདམས་པའི་གོང་འཕེལ་ལམ་བུར་ཕན་ཚུན་བརྩི་བཀུར་ཞུ་བ་དང་། མཛའ་གྲོགས་མཉམ་ལས་ཀྱི་ཕྱོགས་གཉིས་འབྲེལ་བའི་དབྱངས་རྟ་གཙོ་བོ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། འདི་ནི་ཀྲུང་གོ་དང་སི་ལོ་ཝ་ཁེའི་འབྲེལ་བ་སྐྱོན་བྲལ་དང་མགྱོགས་མྱུར་ངང་གོང་འཕེལ་འགྲོ་བའི་རྨང་གཞི་རེད། སི་ལོ་ཝ་ཁེས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བྱེད་པར་ཀྲུང་གོས་བསྔགས་བརྗོད་བྱེད་བཞིན་ཡོད་ལ། སི་ལོ་ཝ་ཁེ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ས་གལ་ཆེ་རིགས་ལ་ལྟ་རྟོག་གང་ལེགས་བྱེད་འདོད་ཡོད། གཉིས་ནི་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། སི་ལོ་ཝ་ཁེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་ཤིང་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་སྒྲིག་གཞི་བེད་སྤྱོད་སྔར་ལས་ཡག་པ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་བྱ་དགོས་པ་དང་། སྦགས་མེད་ནུས་རྒྱུ་དང་། གྲངས་འཛིན་དཔལ་འབྱོར། འཕྲུལ་མི་བཟོ་སྐྲུན། མི་ཐབས་རིག་ནུས་སོགས་གསར་དར་ཐོན་ལས་དང་སྔོན་ཐོན་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་གཞི་སྔོག་འདོན་གྱིས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་དེ་བས་མང་བ་གཏོད་དགོས། གསུམ་ནི་དམངས་སེམས་སྦྲེལ་མཐུད་ཟབ་ཏུ་བཏང་ནས། སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་བྱ་དགོས། རིག་གནས་དང་། ལུས་རྩལ། ཡུལ་སྐོར། གཞོན་ནུ། ས་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། མི་སྣའི་འགྲོ་འོང་སྟབས་བདེ་རུ་གཏོང་བ། རྒྱལ་ཁབ་གཉིས་པོའི་གཞོན་ནུའི་བར་གྱི་སྤེལ་རེས་ལ་མུ་མཐུད་སྐུལ་ལྕག་བྱེད་པ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་འཛིན་ཁྲོད་རྒྱུས་ལོན་ཟབ་ཏུ་གཏོང་བ་དང་མཛའ་བཤེས་ཟབ་ཏུ་གཏོང་དགོས། བཞི་ནི་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་བསྒྱུར་བཅོས་དང་གང་དེ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། ལག་གདང་སྦྲེལ་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག

            ཞི་ཅིན་ཕིང་གིས། འཛམ་གླིང་གི་ལོ་བརྒྱའི་འཕེལ་འགྱུར་མུ་མཐུད་མགྱོགས་སུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་གོ་སྐབས་གསར་པ་གལ་ཆེན་འཕྲད་ཡོད་ལ། འགྲན་སློང་ཡང་མི་ཉུང་བ་འཕྲད་ཡོད། འགྲན་སློང་གོ་སྐབས་སུ་བསྒྱུར་ཐུབ་མིན་གྱི་འགག་རྩ་ནི་འདྲ་མཉམ་གྲོས་མོལ་དང་མཐུན་སྡུད་འགལ་སེལ་ཐུབ་པ་བྱ་རྒྱུར་ཐུག་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་རོགས་པར་འཛིན་པ་དང་། ལྷག་བསམ་དང་ཕན་སེམས་བཅངས་ནས་ཡོ་རོབ་བར་གྱི་འབྲེལ་བ་གོང་འཕེལ་གཏོང་བཞིན་ཡོད། སི་ལོ་ཝ་ཁེས་ཡོ་རོབ་མནའ་འབྲེལ་ནང་ཀྲུང་གོ་དང་ཡོ་རོབ་ཀྱི་གྲོས་མཐུན་གྲུབ་པ་བྱ་རྒྱུ་དང་། འགལ་རྐྱེན་ཐག་གཅོད་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་འགྲོ་བ་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

            ཕེ་ལེ་ཀེ་ལི་ཉི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་ཀུན་གྱིས་དོ་ཁུར་བྱེད་པའི་གོང་འཕེལ་གྱི་གྲུབ་འབྲས་ཐོབ་པར་སི་ལོ་ཝ་ཁེས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཟོས་པ་མ་ཟད་མུ་མཐུད་ལག་ལེན་བསྟར་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བའི་ནུས་པ་དེར་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད་པས། དཔྱད་གཞིར་འཛིན་རིན་ཆོག་པ་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གཅེས་འཛིན་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་ནས། ཀྲུང་གོ་ཕྱོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཛའ་བཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་ཆེར་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། འཕྲུལ་མི། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་ཐུབ་པ་བྱ་རྒྱུ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོའི་ཁེ་ལས་སི་ལོ་ཝ་ཁེར་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ངོས་ནས་སི་ལོ་ཝ་ཁེས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་དང་བསྔགས་བརྗོད་ཞུ་གི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དམིགས་ཡུལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོང་བྱེད་པ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་ཐོག་བཏོན་གནང་བའི་འདུ་ཤེས་དང་གྲོས་འགོར་སི་ལོ་ཝ་ཁེ་ཕྱོགས་ནས་རྦད་དེ་མོས་མཐུན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། མིའི་རིགས་ཡོངས་ལ་བདེ་སྐྱིད་དངོས་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

            ཉིན་དེའི་ཉིན་དགུང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕེ་ལེ་ཀེ་ལི་ཉི་ལ་དགའ་བསུའི་གསོལ་སྟོན་བཤམས་ཡོད།

            ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།

            ཉིན་དེའི་ཕྱི་དྲོར། སི་ལོ་ཝ་ཁེའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕུལ་ཡོད།


རྩོམ་སྒྲིག་པ། རིག་གྲོལ།