ཟླ་8ཚེས་24ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཅོར་ཏན་གྱི་རྒྱལ་པོ་ཨབ་ཏུའུ་ལ་སྐུ་ཐོག་གཉིས་པ་དང་མཇལ་མོལ་གནང་བ་རེད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་24ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་འཚོགས་ནས། ཅོར་ཏན་ཧ་ཞི་མུའུ་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ཨབ་ཏུའུ་ལ་སྐུ་ཐོག་གཉིས་པ·པིན·ཧོའུ་སའེ་དབྱིན་གྱིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་གནང་ཡོད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་ཡོད།
ཨབ་ཏུའུ་ལ་སྐུ་ཐོག་གཉིས་པ་དང་ལྷན་དུ་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་གྲས་སུ་ཆིན་ཝང་དང་། ཀོང་ཇོ། དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་སོགས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད།
དམག་དཔུང་རོལ་ཆ་ཚོགས་པས་ཅོར་ཏན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཡོད།
ཨབ་ཏུའུ་ལ་སྐུ་ཐོག་གཉིས་པས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕྱིར་ལོག་གནང་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་རུ་སྟར་ལ་གཟིགས་ཞིབ་གནང་ཡོད།
ཨབ་ཏུའུ་ལ་སྐུ་ཐོག་གཉིས་པ་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་ཡོད།
དགའ་བསུ་ཞུ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཨབ་ཏུའུ་ལ་སྐུ་ཐོག་གཉིས་པ་དང་མཇལ་མོལ་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཅོར་ཏན་བར་ཕྱི་འབྲེལ་བཙུགས་ནས་ལོ་49སོང་ཚུན། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་ལས་བཅས་བྱེད་པ་ནི་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་མཉམ་ལས་མཉམ་རྒྱལ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན། 2015ལོར་ང་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་ཅོར་ཏན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ནས། ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་བའི་ལེའུ་གསར་པ་ཞིག་བརྩམས་ཡོད། ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་མདུན་དུ། ནང་དོན་དེ་བས་ཕུན་སུམ་ཚོགས་པ་དང་གསོན་ཤུགས་དེ་བས་ཆེ་བའི་ཀྲུང་གོ་དང་ཅོར་ཏན་གྱི་འབྲེལ་བ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་བ་དང་མཐུན་ཡོད་ལ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་སྟོབས་རང་སྤེལ་གྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། ཕྱོགས་མང་རོགས་ལས་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཅོར་ཏན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་རྒྱུན་ཆད་མེད་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་གྱིས་ས་ཁུལ་ཁྲོད་འདོན་སྤེལ་བྱས་པའི་དམིགས་བསལ་དང་གལ་ཆེའི་ནུས་པར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཅོར་ཏན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཅོར་ཏན་ཕྱོགས་བར་སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་ལས་ཁུངས། ས་གནས་སོགས་རིམ་པ་ཁག་གི་འགྲོ་འོང་ཟབ་ཏུ་བཏང་ནས། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་དང་ཅོར་ཏན་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པས། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འགྲིམ་འགྲུལ། གཏེར་ཁ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། སྦགས་མེད་ནུས་རྒྱུ་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་རྒྱ་ཆེར་གཏོང་བ། སློབ་གསོ་དང་། རིག་གནས། ཚན་རྩལ། ཡུལ་སྐོར་སོགས་ཀྱི་སྤེལ་རེས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། མི་སྣ་འགྲོ་འོང་རྒྱ་ཆེར་གཏོང་བ། དམངས་སེམས་འབྲེལ་མཐུད་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏོག་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་ནས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཨབ་ཏུའུ་ལ་སྐུ་ཐོག་གཉིས་པས། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རླབས་ཆེའི་གོང་འཕེལ་གྱི་གྲུབ་འབྲས་ཐོབ་ཅིང་། མི་རྣམས་ཀྱིས་བརྩི་འཇོག་དང་ཡིད་སྨོན་བྱེད་བཞིན་ཡོད། ཅོར་ཏན་དང་ཀྲུང་གོའི་བར་སྲ་ཞིང་བརྟན་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད་ཅིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་རོགས་ལས་དམ་ཟབ་བྱེད་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཅོར་ཏན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཐོག ཀྲུང་གོའི་དབར་དཔལ་འབྱོར་ཉོ་ཚོང་དང་། བཟོ་སྐྲུན། ཞིང་ལས། ཚན་རྩལ། སྨན་རྫས། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་སྤེལ་རེས་གཏིང་ཟབ་བྱས་ནས། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཅོར་ཏན་དུ་མ་འཇོག་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཐོན་མོང་གོང་འཕེལ་དང་དར་རྒྱས་ཡོང་བ་བྱ་རྒྱུ་ཡིན། ཅོར་ཏན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་གདེང་འཇོག་མཐོ་པོ་བྱེད་པ་དང་། ཀྲུང་གོས་འཛམ་གླིང་གི་གར་སྟེགས་ཐོག་དེ་བས་གལ་འགངས་ཆེ་བའི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་སྒུག་ཡོད་ཅེས་གསུངས་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་དམག་འཁྲུག་འཚམས་འཇོག་བྱ་རྒྱུ་དང་། ཆབ་སྲིད་ཕྱི་འབྲེལ་ལ་བརྟེན་ནས་རྩོད་གཞི་འདུམ་འགྲིག་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། ཅོར་ཏན་ཚུད་པའི་ས་ཁུལ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་བརྩི་བཀུར་ཐོབ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕ་ལི་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་ལྟེ་བ་དེ་ཡིན་པ་དང་། གནད་དོན་འདི་ཐག་གཅོད་བྱེད་པར་རྩ་དོན་ཁག་བཞི་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནི། ངེས་པར་དུ་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “རྒྱལ་ཁབ་གཉིས་པོའི་ཇུས་གཞི”ཡི་ཡང་དག་པའི་ཁ་ཕྱོགས་གཞིར་བཟུང་། ཕ་ལི་སི་ཐན་དང་དབྱི་སི་རལ་དབར་ཡང་བསྐྱར་གྲོས་མོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཕ་ལི་སི་ཐན་སྔ་ཙམ་རང་བཙན་རྒྱལ་བཙུགས་ཐུབ་པ་བྱེད་དགོས། གཉིས་ནི། ངེས་པར་དུ་“ཕ་ལི་སི་ཐན་བས་ཕ་ལི་སི་ཐན་སྐྱོང་རྒྱུ”རྒྱུན་འཁྱོངས་བྱེད་དགོས། ཕ་ལི་སི་ཐན་ནི་ཕ་ལི་སི་ཐན་བ་ཚང་མའི་ཁྱིམ་གཞིས་ཡིན་པས། ཕ་ལི་སི་ཐན་བས་ཕ་ལི་སི་ཐན་སྐྱོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཅོར་ཏན་ཆུ་བོའི་ནུབ་རྒྱུད་ཀྱི་བཅོས་སྒྲིག་དང་ཀ་ཧྲ་ཡི་དམག་འཁྲུག་རྗེས་ཀྱི་བསྐྱར་བསྐྲུན་ལ་སྐུལ་འདེད་གཏོང་དགོས། གསུམ་ནི། ངེས་པར་དུ་མི་ཆོས་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ཏན་ཏིག་འཁུར་ཐོག མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་འགན་ལེན་དང་། མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཐོན་རྒྱུ་བཀག་འགོག་བྱེད་དགོས། བཞི་ནི། ངེས་པར་དུ་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པ་དང་། རྩ་ལག་མཉམ་བཅོས་བྱ་རྒྱུ་དམིགས་འབེན་དུ་བྱེད་པ། དངོས་སྒྲུབ་བྱ་སྤྱོད་ཐབས་ལམ་དུ་བརྩི་བ་བཅས་བྱས་ཏེ། ཕ་ལི་སི་ཐན་གྱི་གནད་དོན་དེ་ཁྱོན་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་གང་སྔ་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན་ཞེས་ནན་སྟོན་གནང་ཡོད།
ཨབ་ཏུའུ་ལ་སྐུ་ཐོག་གཉིས་པས། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་དབུས་ཤར་བྱ་དོན་ཐད་ཐོག་མཐའ་བར་གསུམ་དུ་གཞུང་དྲང་གི་ལངས་ཕྱོགས་འཛིན་པ་དང་། ཨ་རབ་རྒྱལ་ཁབ་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱས་པར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་དྲང་གཞག་གི་ལངས་ཕྱོགས་དེ་ས་ཁུལ་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་ཡིན། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། མུ་མཐུད་དེ་མིག་སྔའི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱས་ནས། དབུས་ཤར་རྒྱལ་ཁབ་ཁག་གི་མི་དམངས་ནས་ཞི་བདེ་དར་རྒྱས་ལོངས་སུ་སྤྱོད་ཐུབ་པ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱི་འབྲེལ་དང་། དཔལ་འབྱོར་ཉོ་ཚོང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག ཁྲིམས་འཛིན་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།
ཕྱོགས་གཉིས་པོས《ཀྲུང་གོ་དང་ཅོར་ཏན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅོར་ཏན་ཧ་ཞི་མུའུ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད་པ་རེད།
ཉིན་དེའི་དགོང་མོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨབ་ཏུའུ་ལ་སྐུ་ཐོག་གཉིས་པར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད་པ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།