ཟླ་9ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་ཕྱོཌ་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་10ཚེས་26ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ཀྱི་མ་ཟིན་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་པའི་སྙན་སྒྲོན་གསན་པ་དང་། ད་རེས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་དེ་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་བསམ་འཆར་བསྡུ་ལེན་བྱེད་རིང་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱས་ཏེ་ས་ཁུལ་ཁག་དང་སྡེ་ཚན་ཁག ཕྱོགས་གང་ས་ཅི་ཐད་བཅས་ཀྱིས་གཏན་འབེབས་ཀྱི་མ་ཟིན་ལ་ཁས་ལེན་གང་ལེགས་བྱས་པ་དང་། གཏན་འབེབས་ཀྱི་མ་ཟིན་གྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་དང་ཉམས་མྱོང་དངོས་ཐོག་བདེན་འཚོལ་ངང་ཕྱོགས་སྡོམ་བྱས་པ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པ་བཅས་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཏང་སྟོབས་ཆེན་དང་རྒྱལ་ཁབ་སྟོབས་ཆེན་གྱི་ལོ་རྒྱུས་ཀྱི་རང་འགུལ་མངོན་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་དམིགས་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ་ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ་དང་། ཏང་གི་གདོང་ལེན་རུ་ཁག་གི་ངོ་བོ་མཐའ་འཁྱོངས་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བར་དམིགས་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ནན་པོའི་དགོངས་གཞི་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ། ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་འདེད་གང་ལེགས་གཏོང་བ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཐོག་ཏང་གི་ཆབ་སྲིད་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་མཐུད་ཆེ་རུ་བཏང་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་དང་། མི་དམངས་ཀྱིས་སྙིང་དབུས་ནས་གོང་བཀུར་ཞུ་བ། དཀའ་ཉེན་དང་འགྲན་སློང་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ལ་གྱུར་བའི་འགན་ལེན་ཏན་ཏིག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་གྱུར་བར་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ། ཚུགས་ནུས་རྒྱུན་འཁྱོངས་བྱེད་པ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་སྒོ་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་ཆེའི་ཉམས་མྱོང་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་པ། ཏང་འཛུགས་སྐྱོང་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་དང་ཐག་གཅོད་ཡག་པོ་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རིང་གྲུབ་པའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་བརྟན་དུ་དང་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཐོག དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།