གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས“ཆེད་ལས་དང་ལམ་སྲོལ། གཞི་གྲངས་ཆེན་པོ་ཟུང་དུ་འབྲེལ་བ”ཡི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་སྟེ། “བྱང་བུ་འགོག་པའི”བྱ་སྤྱོད་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཆེད་ལས་རིམ་སྤོར་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་གྲངས་ཞིབ་འཇུག་བརྡར་གཅོད་སོགས་ཀྱི་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུག་རྡེག་ཚ་ནན་བཏང་།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དངུལ་ཁང་ག་གེ་མོ་ཞིག་དང་མཉམ་འབྲེལ་བྱས་ཏེ་མི་སྒེར་གྱི་དངུལ་ཁང་བྱང་བུ་སྤྱད་དེ་ཁ་བསླུས་རྒྱག་པའི་ཉེས་གསོག་ཚོགས་པ་ཞིག་བདེ་བླག་ངང་མེད་པར་བཟོས་ནས། དོགས་ཡོད་མི་སྣ2འཛིན་བཟུང་བྱས།
ད་ལོའི་ཟླ3པར། ལྷ་ས་གྲོང་ཁྱེར་གྱིས་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་གྲོང་ཁྱེར་གྱི་དངུལ་ཁང་ཡན་ལག་སྒྲིག་གཞི་ཚང་མར་མགྱོགས་མྱུར་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་རེད།ཟླ3པའི་ཚེས19ཉིན། ལྷ་ས་གྲོང་ཁྱེར་གྱི་དངུལ་ཁང་ག་གེ་མོ་ཞིག་གིས་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་ཁུངས་སྣེ་གལ་ཆེན་ཞིག་སྤྲད་པ་སྟེ། ཧྲེན་ཆེ་གེ་མོས་བྱང་བུའི་ནང་ཉིན་དེར་བཞག་མ་ཐག་པའི་སྒོར་ཁྲི10ཉིན་དེར་འདོན་དགོས་པའི་རེ་བ་བཏོན།
ཁུངས་སྣེ་འབྱོར་རྗེས་སུ། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ཉེན་རྟོག་པས་མགྱོགས་མྱུར་བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་པས་ཧྲེན་ཆེ་གེ་མོ་དང་དེ་སྔོན་ཤེས་རྟོགས་བྱུང་བའི་དོགས་ཡོད་མི་སྣའི་ཁྱད་ཆོས་དང་ཕལ་ཆེར་འདྲ་མཚུངས་ཡིན་པ་ཤེས་རྟོགས་བྱུང་ཞིང་། འཕྲལ་མར་དངུལ་ཁང་དུ་བསྐྱོད་དེ་ཧྲེན་ག་གེ་མོ་དང་དེའི་རོགས་པ་ཞའོ་ཆེ་གེ་མོར་བརྟག་དཔྱད་བྱས།
བརྟག་དཔྱད་བྱས་པ་བརྒྱུད། ད་ལོའི་ཟླ2པར་ཧྲེན་ཆེ་གེ་མོ་དང་ཞའོ་ཆེ་གེ་མོ་གཉིས་ཀྱིས་ཕྱི་རྒྱལ་གྱི་མི་སྣ་དང་འབྲེལ་བ་བྱས་ཏེ། “དངུལ་ཁ་བསླུས་རྒྱག་པའི་ཆ་འཕྲིན་ཤེས་པ་མ་ཟད། ལྷ་སར་གཞུང་དོན་གྱི་ཐོ་ཁོངས་དང་མི་སྒེར་གྱི་གཱ་རིགས་དང་པོའི་ཐོ་ཁོངས་དབྱེ་བ་ཕྱེ་ནས། དྲ་རྒྱའི་དངུལ་ཁང་གི་དངུལ་བསྒྱུར་བར་བརྟེན་ནས་རྒྱན་པོ་འགྱེད་པ་དང་མགོ་སྐོར་དང་འབྲེལ་བའི་མ་དངུལ་རྩིས་སྒྱུར་བྱས་འདུག
དེའི་རིང་ལ་ཧྲེན་ཆེ་གེ་མོ་དང་ཞའོ་ཆེ་གེ་མོ་གཉིས་ཀྱིས་ཕྱི་རྒྱལ་གྱི་མི་སྣར་རོགས་རམ་བྱས་ནས། དྲ་ཐོག་རྒྱན་འཛུགས་དང་མགོ་སྐོར་དང་འབྲེལ་བའི་དངུལ་བསྡོམས་འབོར་སྒོར་ཁྲི80ལྷག་ཙམ་ཧམ་བཟུང་བྱས་པ་དང་། ཁྲིམས་འགལ་ངང་སྒོར3000དང1200གཡོ་ལེན་བྱས། མིག་སྔར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། མི་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།
ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་འགན་འཁུར་བས་གྱོད་གཞིར་བརྟག་དཔྱད་དང་རྡུང་རྡེག་གི་ལས་དོན་མུ་མཐུད་སྤེལ་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད།
ཉེན་རྟོག་པའི་ཤ་ཚའི་དྲན་སྐུལ། རྒྱ་ཆེའི་མང་ཚོགས་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་གཏོང་དགོས་པ་ལས། ཁེ་སྤོགས་ཆུང་ཆུང་གི་ཆེད་དུ་དངུལ་ཁང་གཱ་དང་ཁ་པར་གཱ་ཕྱི་ལ་གཡར་བ་དང་བརྒྱུད་འཚོང་གཏན་ནས་བྱེད་མི་རུང་། གལ་ཏེ་མི་གཞན་གྱིས་དེ་བེད་སྤྱོད་བྱས་ནས་བྱ་ངན་སྤྱོད་ངན་སྤེལ་ཚེ། ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ད་དུང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་སྲིད་པས། ངེས་པར་དུ་ཡིད་གཟབ་གནང་རོགས་ཞུ།