ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྷ་ས་ནས་རྩད་ཆོད་འདུག

སྤེལ་དུས 2025-03-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས རྩོམ་པ་པོ།

     ཉེ་དུས། ལྷ་ས་གྲོང་ཁྱེར་དུ་དངུལ་བུན་གཡོར་བའི་འགྲོ་ལུགས་གཉེར་རོགས་བྱེད་ཁུལ་བྱས་ནས་ཁ་བསླུས་བརྒྱབ་པའི་གྱོད་གཞི་མང་པོ་ཐོན་ཏེ། གྱོད་འབྲེལ་མ་དངུལ་སྒོར་ཁྲི་449ཟིན་ཡོད། ལྷ་སའི་ཉེན་རྟོག་པས་བརྟག་དཔྱད་ཧུར་ཐག་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གཅིག་བཟུང་ཐུབ་པ་དང་ཁ་བསླུས་བརྒྱབ་པའི་གྱོད་གཞི་9རྩད་ཆོད་དེ་དཔལ་འབྱོར་གྱི་གྱོང་གུན་སྒོར་67211མི་ཕོག་པ་བྱས་ཡོད། 

གྱོད་གཞིའི་གནས་ཚུལ་ཞིབ་ཕྲ། 

    ཟླ་1ཚེས་1ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ཞིག་ལ་གྲོང་མི་བློ་ཆེ་གེ་མོས(མིང་ཚབ)ཁ་པར་བརྒྱབ་ནས་2024ལོའི་ཟླ་10ཚེས་10ཉིན་འཇིགས་ཆེ་གེ་མོ་ཟེར་མཁན་ཞིག་གིས་ཁ་བསླུས་སྒོར་897000བརྒྱབ་བྱུང་ཞེས་གྱོད་དོན་སྙན་སེང་ཞུས། སྙན་སེང་འབྱོར་རྗེས། མྱུལ་ཞིབ་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་བློ་ཆེ་གེ་མོས་མཁོ་འདོན་བྱས་པའི་ཁུངས་སྣེ་གཞིར་བཟུང་ཉེས་གསོག་དོགས་ཅན་འཇིགས་ཆེ་གེ་མོ་ཡིན་པ་གཏན་འཁེལ་ཐུབ་པ་མ་ཟད། འདི་ལོའི་ཟླ་1ཚེས་19ཉིན་སྣེའུ་ཡི་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ནས་ཁོ་པ་བཟུང་བ་རེད། 

    བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད། 2024ལོའི་ཟླ་10ཚེས་10ཉིན། འཇིགས་ཆེ་གེ་མོས་ར་མོ་ཆེའི་ཉེ་འགྲམ་དུ་དངུལ་ཁང་གི་ལས་མི་ཡིན་ཁུལ་བྱས་ནས་བློ་ཆེ་གེ་མོར་དངུལ་བུན་གཡོར་རོགས་བྱེད་ཆོག་ཟེར་ཏེ། བློ་ཆེ་གེ་མོའི་ཁ་པར་དུ་དྲ་ཐོག་ནས་དངུལ་བུན་གཡོར་བའི་APPསྣ་ཚོགས་ཕབ་པ་མ་ཟད། བློ་ཆེ་གེ་མོས་གཡར་བའི་དངུལ་བུན་སྒོར་897000ལྐོག་ཏུ་རང་ཉིད་མི་སྒེར་གྱི་དངུལ་ཁང་གི་རྩིས་ཐོའི་ནང་བླུགས་པ་ཉེན་རྟོག་པས་རྩད་ཆོད་པ་རེད། 

    ཞིབ་དཔྱད་བྱེད་རིང་། འཇིགས་ཆེ་གེ་མོས་ངོས་ལེན་གསལ་པོ་མི་ཞུ་བ་མ་ཟད། ད་དུང་བརྐྱང་ཙམ་བསྐུམ་ཙམ་བྱས་པས་ཉེན་རྟོག་པས་ཉེས་ཅན་ལང་ཤོར་ཞིག་ཡིན་པ་ཤེས། དེ་རྗེས། ཉེན་རྟོག་པས་འཇིགས་ཆེ་གེ་མོའི་རྩིས་ཁྲར་བལྟས་ནས་ཡོང་ཁུངས་གསལ་པོ་མེད་པའི་དངུལ་སྒྱུར་ཡོད་མེད་རྩད་བཅད་པ་རེད། བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད། 2024ལོའི་ཟླ་7ཚེས་31ཉིན་ནས་2025ལོའི་ཟླ་2ཚེས་17ཉིན་བར། འཇིགས་ཆེ་གེ་མོས་ཁ་བསླུས་རྒྱག་སྟངས་དེ་རང་ལ་བརྟེན་ནས་སྔ་རྗེས་སུ་ལྷ་སའི་གྲོང་མི་8ལ་ཁ་བསླུས་བརྒྱབ་པར་མ་དངུལ་སྒོར་ཁྲི་359ཟིན་པ་དེ་དག་ཚང་མ་བག་མེད་ལོངས་སྤྱོད་བྱས་པ་རྩད་ཆོད་པ་རེད། 

    མིག་སྔར། ཉེས་གསོག་དོགས་ཅན་འཇིགས་ཆེ་གེ་མོར་ཁ་བསླུས་བརྒྱབ་པའི་དོགས་གཞི་ཡོད་པས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་མ་དངུལ་བདའ་འདེད་དང་ཞིབ་དཔྱད་ཀྱི་ལས་དོན་སྔར་བས་སྤེལ་བཞིན་ཡོད། མྱུལ་ཞིབ་པས་གནོད་འཚེ་ཕོག་མཁན་གྱི་གྱོང་གུན་གསབ་གང་ཐུབ་བྱ་རྒྱུ་མ་ཟད། ཁ་བསླུས་རྒྱག་པའི་ཉེས་གསོག་བྱེད་སྤྱོད་དེ་རིགས་ལ་རྡུང་རྡེག་ཚ་ནན་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད།