ཁྲིམས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ།
སྤེལ་དུས 2025-08-22
ཡོང་ཁུངས། ཏིང་རིའི་ཁྲིམས་ཁང་།
རྩོམ་པ་པོ།
ཉེ་ཆར་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་འཛུགས་སྐྲུན་ལས་གྲྭའི་ཨར་ལས་གན་རྒྱའི་རྩོད་གཞི་ཞིག་ལག་བསྟར་གྱོད་སྒྲུབ་བྱས་པ་དང་གྱོད་དོན་ཐོ་འགོད་བྱས་པ་ནས་ལག་བསྟར་མཇུག་བསྒྲིལ་བའི་བར་དུས་ཡུན་ཉིན་གྲངས་༡༣ལས་འགོར་མེད་ལ་ནུས་ཆེའི་ཐོག་ནས་ལག་བསྟར་རེ་ཞུ་མཁན་ལ་གྱོད་དངུལ་སྒོར་༢༨༨༣༢༨༡.༤༦དོན་འཁྱོལ་བྱས་པར་བྱ་སྤྱོད་ངོ་མའི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བར་ལེགས་སྐྱེས་ཕུལ་ཡོད།
གཞི་རྩའི་གྱོད་དོན།
༢༠༡༨ལོའི་ཟླ་༨པར། ཀུང་སི་ཀ་པ་དང་ཁ་པ་གཉིས་དབར་《འཛུགས་སྐྲུན་ལས་གྲྭའི་ཨར་ལས་གན་རྒྱ》ཞིག་མཆན་བཀོད་བྱས་པ་དང་། དེ་ཡང་ཀུང་སི་ཀ་པར་དིང་རི་རྫོང་གི་མཐའ་མཚམས་ས་ཁུལ་ག་གེ་མོའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཕྱོགས་བསྡུས་ལས་གྲྭ་དང་དིང་རི་རྫོང་གི་ཡུལ་སྐོར་ཐོན་ལས་སྒྲིག་བཀོད་རྣམ་གྲངས་ག་གེ་མོ། དེ་བཞིན་དིང་རི་རྫོང་གི་གཞི་རིམ་གྱི་ཕན་ནུས་ཆེ་རུ་གཏོང་བའི་རྣམ་གྲངས་ག་གེ་མོའི་ལས་གྲྭ་བཅས་འོས་ཐོབ་བྱུང་ཡོད། ཀུང་སི་ཀ་པས་གོང་གསལ་གྱི་འོས་ཐོབ་བྱུང་བའི་ལས་གྲྭ་ཡན་ག་གེ་མོར་ནང་བཤུག་འགན་གཙང་བཏང་བ་དང་ཁོ་པས་ཁ་ཆད་ལྟར་ལས་གྲྭ་ལེགས་གྲུབ་ཟིན་པ་མ་ཟད་རྩིས་ལེན་ཚད་ལོན་བྱུང་ཡོད། ཞིབ་རྩིས་བརྒྱུད་ཀུང་སི་ཀ་པས་ཡན་ག་གེ་མོར་སྤྲོད་དགོས་པའི་ལས་གྲྭའི་དངུལ་གྲངས་ནི་སྒོར་༢༨༨༣༢༨༡.༤༦ཡིན། ཡན་ག་གེ་མོས་གོང་གསལ་གྱི་ལས་གྲྭའི་དངུལ་གྲངས་བདའ་འདེད་ཐེངས་མང་བྱས་ཀྱང་འབྲས་བུ་མེད་རྐྱེན་དམངས་དོན་གཏུག་བཤེར་བྱས་པ་དང་འབྲེལ་ཁྲིམས་ལྟར་དཔྱད་མཚམས་བཏང་ཡོད། དཔྱད་ཁྲ་ཁྲིམས་ནུས་ཐོན་རྗེས་ཀུང་སི་ཀ་པ་དང་ཁ་པ་ཡི་སྔར་བཞིན་ནུས་ཐོན་གྱི་བཅའ་ཁྲིམས་ཡིག་རིགས་འོས་འགན་མ་བསྒྲུབ་རྐྱེན་ཡན་ག་གེ་མོས་ཁྲིམས་ཁང་ལ་བཙན་ཤེད་ལག་བསྟར་གྱི་རེ་ཞུ་བཏོན་ཡོད།
ལག་བསྟར་བརྒྱུད་རིམ།
གྱོད་དོན་ཐོ་འགོད་བྱས་རྗེས་ལག་བསྟར་ཚོགས་ཆུང་གིས་ཕྱོགས་བསྡུས་ཐོག་དྲ་རྒྱ་བཤེར་སྡོམ་མ་ལག་སོགས་བྱ་ཐབས་སྣ་ཚོགས་བཀོལ་སྤྱོད་བྱས་པ་དང་འབྲེལ་གཏུག་བཤེར་བྱེད་རིང་གི་རྒྱུ་ནོར་གེབས་སྲུང་གི་གནས་ཚུལ་ལ་གཞིགས་སྟེ་ཀུང་སི་ཀ་པ་དང་ཁ་པ་ཡི་ལག་བསྟར་བྱ་རུང་བའི་རྒྱུ་ནོར་ཁུངས་སྣེ་གཏན་འཁེལ་བྱས་པ་མ་ཟད་འཕྲལ་མར་བསྡམས་བཅད་དང་བཅད་སྤྲོད་སོགས་ཀྱི་བཙན་ཤེད་བྱེད་ཐབས་སྤྱད་ཡོད་ལ། ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་གྱོད་གཞིའི་འཕེལ་རིམ་ལ་སྣང་ཆེན་དང་ནུས་ཆེའི་ཐོག་སྦྲེལ་མཐུད་བྱས་པ་མ་ཟད་དཀའ་ངལ་ཁྱད་བསད་བྱས་པར། མཐར་དུས་ཡུན་ཉིན་གྲངས་༡༣་ནང་གྱོད་གཞིའི་དངུལ་ཡོངས་རྫོགས་ལག་བསྟར་དོན་འཁྱོལ་ཐུབ་པ་དེས་ལག་བསྟར་རེ་ཞུ་མཁན་ཡན་ག་གེ་མོའི་མ་དངུལ་གནོན་ཤུགས་ཆེས་ཆེར་ཆུང་དུ་ཕྱིན་པ་དང་འབྲེལ་རྒྱུན་ལྡན་གྱི་འཚོ་བ་དང་ཚོང་གཉེར་ལས་དོན་ལ་ཁྲིམས་ལྟར་འགན་ལེན་བྱས་ཡོད།
དཔེ་མཚོན་དོན་སྙིང་།
གྱོད་གཞི་འདི་ནུས་ཆེའི་ངང་ལག་བསྟར་ཐུབ་པ་ནི་དིང་རི་ཁྲིམས་ཁང་གི་རྒྱུན་མཐུད་ངང་སློབ་གསོ་སློབ་སྦྱོང་གི་གྲུབ་འབྲས་གཏིང་ཟབ་བྱེད་པ་དང་ཁྲོམ་རའི་ཁྲིམས་འཛིན་དགོས་མཁོར་བརྡ་ལན་ཧུར་ཐག་སྤྲོད་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཡིན་ལ། གྱོད་གཞི་ཐོ་བཀོད་དང་འདྲི་གཅོད་། ལག་བསྟར་བཅས་བརྒྱུད་རིམ་ཧྲིལ་པོར་དྲང་གཞག་ཡིད་རྟོན་གྱི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་འགན་འཁྲི་ལེགས་པར་མངོན་ཡོད། གོམ་སྟབས་རྗེས་མར། དིང་རི་ཁྲིམས་ཁང་གིས་མུ་མཐུད་དུ་བཙན་ཤེད་ལག་བསྟར་དམ་དྲག་རྣམ་པར་རྒྱུན་སྲུང་རྒྱུན་འཁྱོངས་དང་ལག་བསྟར་ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཕན་ནུས་ཆེ་བའི་ཁྲིམས་འཛིན་ཞབས་ཞུའི་ཐོག་ནས་ས་ཁོངས་ཀྱི་དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ལ་སྲུང་སྐྱོང་དང་། མིག་མཐོང་ལག་ཟིན་གྱི་དྲང་བདེན་རྣམ་པར་བརྟེན་ནས་“ཇོ་རིའི་ཕ་སའི་”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱ་རྒྱུ་ཡིན།