ཉེ་ཆར། རྨ་ཆེན་རྫོང་སྤྱི་བདེ་ཅུའུ་རྟ་སྨད་མངགས་གཏོང་ཁང་གིས་བསམ་བཞིན་དུ་གནོད་འཚེ་བཏང་བའི་གྱོད་དོན་ཞིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པར་མ་ཟད། ད་དུང་བསམ་བཞིན་དུ་གནོད་འཚེ་བཏང་བའི་དོགས་ཡོད་སྐྱེས་པ་ཞིག་ཀྱང་བཀག་ཉར་བྱས།
ཟླ2པའི་ཚེས12ཉིན། པད་ཆེ་གེ་མོ་དང་དབང་ཆེ་གེ་མོ། ཐུབ་ཆེ་གེ་མོ་བཅས་མི3གྱིས་རྨ་ཆེན་རྫོང་རྟ་སྨད་ཤང་གི་པད་ཆེ་གེ་མོའི་ཁྱིམ་དུ་ཆང་འཐུངས་ཏེ་བཟི་རྗེས། དབང་ཆེ་གེ་མོ་དང་ཐུབ་ཆེ་གེ་མོ་གཉིས་ཀྱིས་སྐད་ཆ་མ་མཐུན་པའི་དབང་གིས་རྡུང་རེས་བྱས་ཤིང་། རྡུང་རེས་བྱེད་སྐབས་དབང་ཆེ་གེ་མོར་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པ་དང་། དེའི་རྗེས་ཐུབ་ཆེ་གེ་མོ་དང་པད་ཆེ་གེ་མོ་གཉིས་ཀྱིས་གནོད་འཚེ་ཕོག་མཁན་དབང་ཆེ་གེ་མོ་ཤང་གི་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ལ། ཟླ2པའི་ཚེས13ཉིན། དོ་བདག་མངགས་གཏོང་ཁང་དུ་གྱོད་དོན་སྙན་སེང་ཞུ་བར་ཡོང་བ་དང་། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཐུབ་ཆེ་གེ་མོས་རང་འགུལ་ངང་རང་ཉེས་ངོས་ལེན་བྱས།
འདྲི་རྩད་བྱས་པ་བརྒྱུད། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཐུབ་ཆེ་གེ་མོས་བསམ་བཞིན་དུ་གཞན་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་གྱི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས་ཤིང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན43པའི་ཚན་པ1པོའི་གཏན་འཁེལ་གཞིར་བཟུང་སྟེ། རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཐུབ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན10ཡི་ཆད་གཅོད་བྱས།