བློ༷་གྲོས་བཟ༷ང་བོའི་དཀྱིལ་འཁོར་ཀུན་ནས་ཟླུམ།།
བཤད་སྒྲུབ་འཕྲི༷ན་ལ༷ས་སྣང་བ་ལྷུན༷་གྱིས་གྲུབ༷།།
ཕན་བདེ་ཆོ༷ས་ཀྱི༷་རྒྱལ༷་མཚ༷ན་འཛིན་པའི་མགོན།།
ཐུགས་རྗེ་བཀའ་དྲིན་དྲན་པས་སླར་ཡང་འདུད།།
སློབ་གླིང་དགོན་པ་གང་དུ་བཞུགས་ཀྱང་རུང་།།
ལམ་མཆོག་མ་ནོར་དམ་པའི་ཆོས་སྒོར་ཞུགས།།
བཤེས་གཉེན་མ་ནོར་གུས་པས་ཚུལ་བཞིན་བསྟེན།།
ཐོས་པ་མ་ནོར་ནང་བསྟན་གཞུང་ལ་སྦྱངས།།
ལྷག་ཏུ་གཞུང་བཟང་པོ་ཏི་དྲུག་ཅུར་མཇལ།།
གླེགས་བམ་ཉིས་བརྒྱ་དེ་ལས་བཀའ་པོད་ལྔ།།
རྒྱུད་སྡེ་བཞི་སོགས་སྔགས་གཞུང་ཀུན་ལས་ཀྱང་།།
ཐ་སྙད་ཤན་སྦྱར་གཞུང་ཚིག་རེ་རེ་བཞིན།།
མ་ནོར་ལེགས་བཏུས་ཞིབ་མོས་གཏན་ལ་ཕབ།།
དེའང་མཁས་མང་སྤྱན་སྔར་གཟིགས་འབུལ་སོགས།།
བགྱིས་མཐར་སྐད་གཉིས་ཚིག་མཛོད་འདི་གྲུབ་སྐད།།
མི་འདོད་འགལ་རྐྱེན་ཐོག་ཏུ་བབས་ཀྱང་རུང་།།
མི་ཐེག་གནོན་དགུའི་དྲག་ཆར་ཕབ་ན་ཡང་།།
སྟོབས་ལྡན་སྲད་མེད་བུ་ཡི་སྙིང་སྟོབས་བཞིན།།
དཀའ་བའི་ཚེགས་མང་སྤྱད་དེ་དེབ་འདི་བསྐྲུན།།
ནང་བསྟན་ཆོས་གཞུང་འོ་མའི་མཚོ་ཆེན་ལས།།
མིང་ཚིག་ཉིས་ཁྲིའི་མར་གྱི་སྙིང་བོ་ཞེས།།
སྔར་མེད་དགེ་མཚན་བཅུད་ཀྱིས་རབ་ཕྱུག་པས།།
མཁས་མང་སྤྲོ་བ་བསྐྱེད་པའང་དོན་མཐུན་ཉིད།།
དེས་ན་ཐུབ༷་བསྟན༷་དཀོ༷ན་མཆོ༷ག་རྒྱས་སླད་དུ།།
ཆོས་གཞུང་ཐ་སྙད་འོ་མཚོ་བསྲུབས་པ་ལས།།
ལེགས་འཁྲུངས་ཚིག་མཛོད་མར་གྱི་རྐོང་བུ་འདིས།།
ཡང་དར་རྒྱལ༷་མཚ༷ན་ཕྱོགས་སུ་གསལ་གྱུར་ཅིག།
མིང་མཛོད་པར་ཐེངས་གཉིས་པའི་འཕྲིན་བཟང་གི།
བཀྲ་ཤིས་རྟེན་འབྲེལ་སྒོ་འཕར་འབྱེད་དང་ལྷན།།
གངས་རིའི་རང་གཤིས་ཚང་བ་གྲོགས་ཁྱོད་ཀྱི།།
སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན།།
གན༷མ་དང་ས་ལྟར་ཡུལ་གྱིས་བསྐལ་ན་ཡང་།།
ལྷ༷་ཡི་མིག་བཞིན་བརྩེ་ཞིང་ལྟ་བའི་གྲོགས།།
བཀྲ༷་ཤིས༷་རེ་ཁ་མ་ཉམས་རྟེན་འབྲེལ་གྱི།།
དྲི་མེད་ཤིས་ཚིག་དར་དཀར་ཁྱོད་ལ་འབུལ།།
ཅེས་མང་ཐོས་ལས་ལ་བརྩོན་པའི་དགེ་གྲོགས་བཟང་བོ། ཐུབ་བསྟན་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་ལེགས་པར་བསྒྲིགས་པའི་ནང་བསྟན་ཆོས་གཞུང་གི་མི་བརྡའི་ཐ་སྙད་ཉིས་ཁྲིར་བརྒལ་བའི་ཚིག་མཛོད་ཆེན་མོའི་པར་ཐེངས་གཉིས་པར་རྟེན་འབྲེལ་ཞུ་མི་མཁས་མང་གིས་བསྔགས་བརྗོད་མཛད་པ་བརྙན་གཟུགས་ལས་མཐོང་བའི་རྐྱེན་བྱས། ལྷག་པར་དུ་ཁོང་གི་མངོན་ཆུང་ཐོས་བརྩོན་ལྷུར་ལེན་གྱི་རང་གཤིས་བཟང་བོ་དེ་དྲན་པའི་མོད་ལ། ད་ལན་ནང་བསྟན་ཚིག་མཛོད་པར་སྐྲུན་གཉིས་པའི་རྟེན་འབྲེལ་ཤིས་ཚིག་དྲི་མེད་དར་དཀར་དུ་རློམ་པ་འདིའང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ཟུར་བ། གྲོགས་མིང་འཛིན་པ་ཕྲན་གནམ་ལྷ་བཀྲ་ཤིས་ཀྱིས་སྤྱི་ལོ2026ལོའི་སྤྱི་ཟླ6ཚེས12ཉིན་པེ་ཅིན་གྱི་རང་སྤྱིལ་ཉི་འོད་འཁྱིལ་བའི་ལྡིང་ཁང་ནས་ལེགས་པར་སྨོན་པ་དགེའོ། །

རྩོམ་པ་པོ་གནམ་ལྷ་བཀྲ་ཤིས་ལགས།

བོད་རྒྱ་ཤན་སྦྱར་ནང་བསྟན་ཚིག་མཛོད།