ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་དམག་འཁྲུག་གི་གྲུབ་འབྲས་གལ་ཆེན་ཁྱབ་བསྒྲགས་བྱས་འདུག

སྤེལ་དུས 2025-03-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས18ཉིན་ལ། ཨུ་རུ་སུའི་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་དང“ཨའེ་ཧ་མའེ་ཏེ”དམིགས་བསལ་དཔུང་སྡེའི་བཀོད་འདོམས་དཔོན་ཨཱ་ལའོ་ཅི་ནུའོ་ཕུའུ་ཡིས། ཨུ་རུ་སུའི་དམག་དཔུང་གིས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། ཁུའར་སི་ཁེ་ཁུལ་གྱི་གཞིས་ཆགས་ཁུལ་ཕལ་ཆེ་བ་ཨུ་རུ་སུ་ཕྱོགས་ཀྱིས་མགྱོགས་མྱུར་ངང་ཚོད་འཛིན་བྱས་པ་དང་། དགྲ་ཕྱོགས་མི་སྣ་རྩ་མེད་དུ་བཏང་ཞེས་བརྗོད།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་སྤྱོད་སྣེའི་ཐོག་གི་པར། 

     ཡུག་རེན་རང་ཚུགས་གསར་འགྱུར་ཁང་གི་དྲ་ཚིགས་ཐོག་ཟླ3པའི་ཚེས17ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཧྥ་རན་སིའི་ཙུང་ཐུང་མར་ཁེ་ལུང་དང་ཁ་པར་བརྒྱབ་རྗེས། ཁོང་གི་རྒྱལ་ཁབ་ཀྱིས་ལོ་གསུམ་ལྷག་ཙམ་ལ་རྒྱུན་མཐུད་པའི་ཨུ་རུ་སུ་དང་ཡུག་རེན་གྱི་ཕྱོགས་ཡོངས་དམག་འཁྲུག་ཁྲོད་དུས་ཡུན་ཉིན30ཡི་རིང་དམག་མཚམས་འཇོག་རྩིས་ཡོད་ཅེས་བརྗོད།

     ཙེ་ལན་སི་ཅི་ཡིས“ཡུག་རེན་གྱིས་ཉིན30ཡི་རིང་ཆ་རྐྱེན་མེད་པར་དམག་མཚམས་འཇོག་རྒྱུའི་ཐད་གྲ་སྒྲིག་ཡག་པོ་བྱས་ཟིན་ལ། དམག་མཚམས་འཇོག་རྒྱུ་ལག་བསྟར་ཐུབ་ཆེད་ཨུ་རུ་སུ་ཡིས་ཆ་རྐྱེན་འདོན་མཚམས་འཇོག་དགོས”ཞེས་ནན་བཤད་བྱས་པ་དང་། ཡུག་རེན་གྱི་ཙུང་ཐུང་གིས། ཁོང་དང་མར་ཁེ་ལུང་གཉིས་ཀྱིས་ཡུག་རེན་ལ་བདེ་འཇགས་འགན་ལེན་ཁ་གསལ་བཟོ་རྒྱུའི་འབྲེལ་ཡོད་བཀོད་འདོམས་ལས་དོན་ལ་གྲོས་བསྡུར་བྱས་པ་ཡིན་ཞེས་བརྗོད་པ་དང་། ཁོང་གིས་ད་དུང“གནད་དོན་དེའི་ཐད་ཧྥ་རན་སིའི་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡིན་ཞིང་། ང་ཚོས་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ང་ཚོས་མུ་མཐུད་ནས་ལས་དོན་སྒྲུབ་བཞིན་ཡོད་ལ། རྗེས་མཐུད་བྱེད་ཐབས་ཀྱང་མཐུན་སྦྱོར་བྱེད་བཞིན་ཡོད”ཅེས་བརྗོད།

     ཕྱོགས་གཉིས་པོས་ཁ་པར་རྒྱག་པའི་ནང་དོན་ནང་ད་དུང་རྒྱལ་ཁབ་མང་པོའི་འགོ་ཁྲིད་པས་ཟླ3པའི་ཚེས15ཉིན་ཡུག་རེན་གནད་དོན་ཐད་འཚོགས་པའི་བརྙན་ལམ་ཚོགས་འདུ་དང་འབྲེལ་ཡོད་ཅིང་། ཙེ་ལན་སི་ཅི་ཡིས་ཡུག་རེན་དང་མཉམ་ལས་ཀྱིས་དྲང་གཞག་ཡུན་རིང་དང་ཞི་བདེ་ནི་སྔ་ཙམ་སླེབས་རྒྱུར་སྐུལ་འདེད་གཏོང་བཞིན་པའི་རྒྱལ་ཁབ་མནའ་འབྲེལ་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བཞིན་ཡོད་ཅེས་བརྗོད།

ཐེ་རོན་ཕུའུ་ཡིས་བརྗོད་དོན། ཡུག་རེན་གྱི་གནད་དོན་སྐོར་གྱི་གྲོས་མཐུན་གྱི་ནང་དོན་མང་པོ་ཞིག་ལ་ངོས་འཛིན་གཅིག་མཐུན་བྱུང་ཡོད། 

     ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་ཟླ3པའི་ཚེས18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚེས17ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས། ཡུག་རེན་གྱི་གདོང་ཐུག་ཐག་གཅོད་གྲོས་མཐུན་གྱི་ནང་དོན་མང་པོ་ཞིག་ལ་ངོས་འཛིན་གཅིག་མཐུན་བྱུང་ཡོད་མོད། འོན་ཀྱང་ད་དུང་མང་པོ་ཞིག་ཐག་གཅོད་བྱེད་དགོས་ཞེས་བརྗོད་པ་དང་། ཁོང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གླེང་མོལ་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཅེས་ཁ་གསབ་བྱས།

     སྤེལ་བའི་གནས་ཚུལ་ལྟར་ན། ཐེ་རོན་ཕུའུ་ཡིས་ཁོང་གི“སྤྱི་ཚོགས་འབྲེལ་བ་ངོ་མ”ཞེས་པའི་དྲ་ཚིགས་ཐོག“མཐའ་མའི་གྲོས་མཐུན་གྱི་ནང་དོན་མང་པོ་ལ་ངོས་འཛིན་གཅིག་མཐུན་བྱུང་ཡོད་མོད། འོན་ཀྱང་ད་དུང་ཐག་གཅོད་བྱེད་དགོས་པ་མང་པོ་འདུག”ཅེས་བྲིས་པ་དང་།ཁོང་གིས་ཙུང་ཐུང་ཕུའུ་ཅིང་དང་ཁ་པར་ཐོག་ནས་གླེང་མོལ་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཅེས་ཁ་གསབ་བྱས་ནས་བརྗོད།

     སྤེལ་བའི་གནས་ཚུལ་ལྟར་ན། ཐེ་རོན་ཕུའུ་ཡིས་བཤད་རྒྱུར། ཁོང་གིས་ཨུ་རུ་སུ་ཡིས་མཐའ་སྐོར་བའི་ཡུག་རེན་དམག་དཔུང་ལ་བྱ་སྤྱོད་མི་སྤེལ་པར་བཅུག

     ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས་ཧྥུ་ཁེ་སི་རླུང་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས“ང་ཚོས་ཙུང་ཐུང་ཐེ་རོན་ཕུའུ་དང་ཕུའུ་ཅིང་དབར་གླེང་མོལ་བྱས་རྗེས་རྒྱུས་ལོན་དེ་བས་མང་པོ་ཐུབ་རྒྱུ་རེད། གནས་ཚུལ་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་བྱེད”ཅེས་བརྗོད། ཁོང་གིས་བཤད་པ་ལྟར་ན། ཨ་རིས་ཡུག་རེན་དང་ཨུ་རུ་སུ་དང་འབྲེལ་གཏུག་བྱས་རྗེས། ཡུག་རེན་དང་ཨུ་རུ་སུ་ཕྱོགས་གཉིས་དབར་གྲོས་མཐུན་འཇོག་རྒྱུ་དེ་བས་ཐག་ཉེ་རུ་ཕྱིན་མོད། འོན་ཀྱང་ཝ་ཧྲིན་ཏོན་གྱིས་ཕྱོགས་གང་ཞིག་གི་བྱ་སྤྱོད་དེ་རྦད་དེ་བློ་ཡིད་ཚིམ་པོ་ཞིག་བྱུང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།

     ཁུའར་སི་ཁེ་ཁུལ་ནི་ཨུ་རུ་སུའི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། དེ་ནི་ཨུ་རུ་སུའི་ནུབ་རྒྱུད་དམག་ཁུལ་གྱི་འགག་རྩ་ཅན་གྱི་འགོག་སྲུང་རྟེན་གནས་ཤིག་རེད། དེའི་ས་དབྱིབས་ནི་ཐང་བདེ་གཙོ་བོ་དང་། ཆུ་བོ་དང་ནགས་ཚལ་རྒྱུད་མཉམ་དུ་འབྲེལ་ནས་རང་བྱུང་གི་འགོག་སྲུང་འཛིང་རགས་ཤིག་གྲུབ་ཡོད། ཨུ་རུ་སུའི་ངོས་ནས་བརྗོད་ན། ཁུའར་སི་ཁེ་ཚོད་འཛིན་བྱས་ཚེ་ཡུག་རེན་དམག་དཔུང་ཤར་ཕྱོགས་སུ་བསྐྱོད་རྒྱུ་བཀག་འགོག་ཐུབ་པར་མ་ཟད། ད་དུང་ཡུག་རེན་ཕྱོགས་སུ་དམག་ཤུགས་གཏོང་བའི་མཆོང་ཟམ་ཞིག་ཀྱང་བྱས་ཆོག ན་ནིང་ཟླ8པར། ཡུག་རེན་དམག་དཔུང་གིས་ཁུའར་སི་ཁེ་ཁུལ་ལ་འཇབ་རྒོལ་བྱས་ནས། སྐབས་ཤིག་རིང་སྤྱི་ལེ་གྲུ་བཞི་མ1300ཙམ་གྱི་ས་ཆ་ལ་ཚོད་འཛིན་བྱས། འོན་ཀྱང་ཨུ་རུ་སུའི་དམག་དཔུང་གིས་ཟད་གྲོན་དམག་འཐབ་བརྒྱུད་ནས་ས་ཆ་རིམ་བཞིན་ཚུར་བླངས་ཤིང་། ཁུའར་སི་ཁེ་འདི་ཉིད་ཨུ་རུ་སུ་དང་ཡུག་རེན་གདོང་ཐུག་གི་གཡུལ་ས་གཙོ་བོ་ཤིག་ཏུ་གྱུར་ཡོད།

     ཚེས15ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་ཁྱབ་བསྒྲགས་བྱས་ནས། ཨུ་རུ་སུའི་དམག་དཔུང་གིས་ཁུའར་སི་ཁེ་ཁུལ་དུ་སླར་ཡང་གཞིས་ཆགས་ས་ཁུལ་གཉིས་ཏེ། ལུའུ་པན་ཞི་ནཱ་དང་ཀྲ་ཨའོ་ལེ་ཧྲེན་ཁཱ་གཉིས་ཚོད་འཛིན་བྱས་ཡོད་ཅེས་བརྗོད། འདས་ཟིན་པའི་གཟའ་འཁོར་གཅིག་ནང་ཨུ་རུ་སུའི་དམག་དཔུང་གིས་ཁུའར་སི་ཁེ་ཁུལ་ནས་གཞིས་ཆགས་ས་ཁུལ29ཚུར་བླངས།

     ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས15ཉིན། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་ཚན་མོའུ་པུས་ཁྱབ་བསྒྲགས་བྱས་པའི་ཁུའར་སི་ཁེ་ཕྱོགས་ཀྱི་དམག་འཐབ་ས་བཀྲ་ལས་མངོན་པར། ཡུག་རེན་དམག་དཔུང་ནི་ཁུའར་སི་ཁེ་ཁུལ་སུའུ་ཅཱ་ལྟེ་གནས་ནས་ཁ་བྲལ་ནས་ཨུ་རུ་སུ་དང་ཡུག་རེན་གྱི་མཐའ་མཚམས་སུ་བཅར་བཞིན་ཡོད་པ་རེད།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་སྤྱོད་སྣེའི་ཐོག་གི་པར། 

     ཙེ་ལན་སི་ཅི་ཡིས་ཁྲིམས་དོན་གྲོས་གཞི་ལ་མིང་རྟགས་བཀོད་ནས་བརྗོད་དོན། དམག་འཁྲུག་སྐབས་སུ་ཕྱི་རྒྱལ་དུ་དམག་མི་མངགས་ཆོག་པ།

     ས་གནས་དེ་གའི་དུས་ཚོད་ཚེས17ཉིན་གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས《དམག་འཁྲུག་སྐབས་རྒྱལ་ཁབ་གཞན་ལ་ཡུག་རེན་གྱི་དྲག་ཆས་དཔུང་སྡེ་མངགས་རྒྱུའི་སྐོར་གྱི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན》ལ་མིང་རྟགས་བཀོད་ཅིང་། བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དེའི་ནང་། དམག་འཁྲུག་སྐབས་སུ་རྒྱལ་ཁབ་གཞན་ལ་ཡུག་རེན་གྱི་དྲག་ཆས་དཔུང་སྡེ་མངགས་སྲིད་པའི་རང་བཞིན་ཁ་གསལ་བཟོས་ཡོད། བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པ་དང་། དྲག་ཆས་བཙན་འཛུལ་ལ་ཕར་རྒོལ་དང་བཀག་འགོག་བྱེད་པ། ཡུག་རེན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བཅས་ཡིན། ད་དུང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དོན་ཚན51པ་གཞིར་བཟུང་ནས་རང་སྲུང་དབང་ཆ་སྤྱོད་རྒྱུ་རེད།

     ད་ཐེངས་ཀྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་འདི་ཉིད་ནི་ཡུག་རེན་གྱི་ཙུང་ཐུང་གི་གྲོས་འགོ་གཞིར་བཟུང་བ་ཞིག་ཡིན་ཞིང་། ཡུག་རེན་གྱི་དྲག་ཆས་དཔུང་སྡེ་ཕྱི་རྒྱལ་དུ་མངགས་རྒྱུའི་གཏན་འབེབས་སྒྲིག་རིམ་ཁ་གསལ་བཟོས་ཡོད། བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ནང་དུ་དམག་དཔུང་ཕྱི་རྒྱལ་དུ་སྡོད་པའི་སྒྲིག་རིམ་ཞིབ་ཕྲ་ངང་གསལ་བཤད་བྱས་པར་མ་ཟད། བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་དང་གཅིག་མཐུན་ཡོང་བའི་འགན་ལེན་བྱས་ནས། རིམ་པ་མང་པོའི་ཐོག་ནས་མངགས་གཏོང་བྱ་སྤྱོད་ཀྱི་ཁྲིམས་མཐུན་རང་བཞིན་དང་ཚད་ལྡན་རང་བཞིན་འགན་ལེན་བྱས་ཡོད།