ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང(“ཀྲུང་གོ”)ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང(“ཨ་རི”)
ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བས་རྒྱལ་ཁབ་གཉིས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཐད་ཐོན་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་པ་དང་།
རྒྱུན་མཐུད་ཆོག་པ་དང་། ཡུན་རིང་། གཉིས་ཕན་བཅས་ཀྱི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་པ།
ཕྱོགས་གཉིས་པོས་ཉེ་དུས་གྲོས་བསྡུར་བྱས་པར་གཞིགས་ནས་རྒྱུན་མཐུད་གྲོས་མོལ་བྱས་ན་ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཐུབ་པར་ཕན་ཐོགས་ཡོད་པའི་ཡིད་ཆེས་ཡོད་པ།
ཕན་ཚུན་སྒོ་དབྱེ་དང་། རྒྱུན་མཐུད་འབྲེལ་མཐུད། མཉམ་ལས། ཕན་ཚུན་བརྩི་འཇོག་བཅས་ཀྱི་དགོངས་དོན་ལ་གཞིགས་ནས་འབྲེལ་ཡོད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ།
ཕྱོགས་གཉིས་པོས་2025ལོའི་ཟླ་5པའི་ཚེས་14ཉིན་གོང་གཤམ་གསལ་གྱི་བྱེད་ཐབས་ལག་ལེན་བསྟར་རྒྱུའི་ཁས་ལེན་བྱས་ཡོད།
ཨ་རིས(གཅིག)2025ལོའི་ཟླ་4ཚེས་2ཉིན་གྱི་སྲིད་འཛིན་བཀའ་རྒྱ་ཨང་14257པའི་ནང་གཏན་འབེབས་བྱས་པའི་ཀྲུང་གོའི་ཚོང་ཟོག(ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚོང་ཟོག་ཚུད་པ)ལ་ཁྲལ་ཐོལ་པ་བསྡུ་བའི་སྒོ་ཁྲལ་བཟོ་བཅོས་རྒྱག་རྒྱུ་དང་། དེའི་ནང་སྒོ་ཁྲལ་24%ཐོག་མའི་ཉིན་90ཡི་ནང་གནས་སྐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་དང་། དུས་མཚུངས་སྲིད་འཛིན་བཀའ་རྒྱ་དེའི་གཏན་འབེབས་ལྟར་ཚོང་ཟོག་དེ་དག་ལ་སྒོ་ཁྲལ་ལྷག་མ་10%སྣོན་བསྡུ་སོར་འཇོག་བྱ་རྒྱུ། (གཉིས)2025ལོའི་ཟླ་4ཚེས་8ཉིན་གྱི་སྲིད་འཛིན་བཀའ་རྒྱ་ཨང་14259པ་དང་2025ལོའི་ཟླ་4ཚེས་9ཉིན་གྱི་སྲིད་འཛིན་བཀའ་རྒྱ་ཨང་14266པ་གཞིར་བཟུང་ཚོང་ཟོག་དེ་དག་གི་སྒོ་ཁྲལ་སྣོན་བསྡུ་མེད་པར་བཟོ་རྒྱུ།
ཀྲུང་གོས(གཅིག)ཁྲལ་དོན་ཨུ་ལྷན་གྱི་སྤྱི་བསྒྲགས་ཀྱི་2025ལོའི་ཡིག་ཨང་4པའི་ནང་གཏན་འབེབས་བྱས་པའི་ཨ་རིའི་ཚོང་ཟོག་ལ་ཁྲལ་ཐོལ་པ་བསྡུ་བའི་སྒོ་ཁྲལ་བབ་བསྟུན་བཟོ་བཅོས་རྒྱག་རྒྱུ་དང་། དེའི་ནང་སྒོ་ཁྲལ་24%ཐོག་མའི་ཉིན་90ཡི་ནང་གནས་སྐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་དང་། དུས་མཚུངས་ཚོང་ཟོག་དེ་དག་ལ་སྒོ་ཁྲལ་ལྷག་མ་10%སྣོན་བསྡུ་སོར་འཇོག་བྱ་རྒྱུ་མ་ཟད། ཁྲལ་དོན་ཨུ་ལྷན་གྱི་སྤྱི་བསྒྲགས་ཀྱི་2025ལོའི་ཡིག་ཨང་5པ་དང་ཡིག་ཨང་6པར་གཞིགས་ནས་ཚོང་ཟོག་དེ་དག་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་པ་མེད་པར་བཟོ་རྒྱུ། (གཉིས)དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་2025ལོའི་ཟླ་4ཚེས་2ཉིན་ནས་བཟུང་ཨ་རིར་དམིགས་པའི་སྒོ་ཁྲལ་མིན་པའི་ལན་སློག་བྱ་ཐབས་གནས་སྐབས་མཚམས་འཇོག་བྱེད་པའམ་ཡང་ན་མེད་པར་བཟོ་རྒྱུ།
གོང་གསལ་གྱི་བྱ་ཐབས་སྤྱད་རྗེས་ཕྱོགས་གཉིས་པོས་ལམ་སྲོལ་བཙུགས་ནས་དཔལ་འབྱོར་ཚོང་དོན་འབྲེལ་བའི་ཐད་མུ་མཐུད་གྲོས་མོལ་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་ཡིན་པ་དང་ཨ་རི་ཕྱོགས་ཀྱི་འཐུས་མི་ནི་ནོར་སྲིད་པུའུ་ཀྲང་སི་ཁོ་ཐེ·པེ་སེན་ཐེ་དང་ཨ་རིའི་ཚོང་དོན་འཐུས་མི་ཅ་སྨི་སེན·ཀེ་ལིར་ཡིན། གྲོས་མོལ་དེ་ཀྲུང་གོ་དང་། ཨ་རི། ཡང་ན་ཕྱོགས་གཉིས་པོས་གཏན་འཁེལ་བྱས་པའི་ཕྱོགས་གསུམ་གྱི་རྒྱལ་ཁབ་ཏུ་བྱས་ཆོག དགོས་མཁོར་གཞིགས་ནས་ཕྱོགས་གཉིས་པོས་འབྲེལ་ཡོད་དཔལ་འབྱོར་ཚོང་དོན་གྲོས་གཞིར་ལས་དོན་ངོས་ནས་གྲོས་མོལ་བྱས་ཆོག