ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་འཕྲིན་ཡིག་བསྐུར་ནས་ཀའོ་ཧྲི་ཙའོ་མེའོ་ཡི་ཀྲུང་གོ་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྐོར་ལ་ལངས་ཕྱོགས་གསལ་བཤད་བྱས་པ།

སྤེལ་དུས 2025-11-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚེས་21ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིར་འཕྲིན་ཡིག་བསྐུར་ནས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ཀྲུང་གོ་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྐོར་ལ་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་གསལ་བཤད་བྱས་པ་རེད།
  ཧྥུའུ་ཚུང་གིས་འཕྲིན་ཡིག་ནང་བརྗོད་དོན། རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་རྒྱལ་ཚོགས་སུ་རྩོད་ལན་རྒྱག་སྐབས་ཐའེ་དབན་དང་འབྲེལ་བའི་བསྙད་རྐོའི་གཏམ་བརྗོད་མངོན་སུམ་འཛེམས་མེད་ངང་སྤེལ་བ་འདི་ནི་1945ལོར་རི་པིན་དམག་ཕམ་ཚུན་རི་པིན་ཕྱོགས་ཀྱི་འགོ་ཁྲིད་པས་དངོས་གཞིའི་མི་ཚོགས་འདུ་སར“ཐའེ་དབན་ལ་གནས་ཚུལ་ཐོན་ན་རི་པིན་ལ་གནས་ཚུལ་ཐོན་ངེས་་ཡིན”ཟེར་བ་འུད་སྒྲོག་ཐེངས་དང་པོ་བྱས་པ་དང་འབྲེལ། ཐུན་མོང་གི་རང་སྲུང་དབང་ཆ་སྤྱོད་པ་དང་འབྲེལ་བ་བྱས་ནས། ཐའེ་དབན་གྱི་གནད་དོན་ཐད་དྲག་ཆས་ལ་བརྟེན་ནས་ཐེ་ཇུས་བྱེད་རྩིས་ཡོད་པའི་ཧམ་སེམས་ཐེངས་དང་པོ་མངོན་པ་དང་། ཀྲུང་གོར་དྲག་ཤུགས་ཀྱི་འཇིགས་སྐུལ་ཐེངས་དང་པོ་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་འཛེམ་བག་མེད་པར་འགྲན་སློང་བྱས་ཡོད། འབྲེལ་ཡོད་གཏམ་བརྗོད་ནི་ཧ་ཅང་ནོར་འཁྲུལ་ཡིན་པ་དང་། ཉེན་ཁ་ཤིན་ཏུ་ཆེ་བས། ངོ་བོ་དང་ཤུགས་རྐྱེན་ཧ་ཅང་ངན་པོ་རེད། ཀྲུང་གོ་ཕྱོགས་ཀྱིས་སྐད་ཆ་ནན་པོ་བྱས་པ་དང་རྒོལ་གཏམ་དྲག་པོ་ཐེངས་མང་བཏང་རྗེས། རི་པིན་ཕྱོགས་ཀྱིས་སྔར་བཞིན་སྔ་འགྱོད་ཕྱི་འདོམས་མ་བྱས་པར་ནོར་འཁྲུལ་གྱི་གཏམ་བརྗོད་ཕྱིར་འཐེན་གཏན་ནས་བྱས་མེད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་མི་འདོད་པའི་རྣམ་འགྱུར་དྲག་པོ་བཟུང་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།
  ཧྥུའུ་ཚུང་གིས་འཕྲིན་ཡིག་ནང་བརྗོད་དོན། ཀའོ་ཧྲི་ཙའོ་མེའོ་ཡི་འབྲེལ་ཡོད་གཏམ་བརྗོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ནས། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་ཞིག་ཡིན་པས། མི་འབོར་དུང་ཕྱུར་14ལྷག་ཙམ་ཟིན་པའི་ཀྲུང་གོ་མི་དམངས་དང་རི་པིན་གྱི་བཙན་འཛུལ་ཕོག་མྱོང་བའི་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་མི་དམངས་ལ་འཛེམ་བག་མེད་པར་བསྙད་རྐོ་བ་ཞིག་རེད། ཐའེ་དབན་ནི་ཀྲུང་གོའི་བླ་ན་མེད་པའི་མངའ་ཁོངས་ཡིན་ཞིང་། ཐའེ་དབན་གྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པས། ཕྱི་ཕྱོགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་ཆོག གལ་ཏེ་རི་པིན་ཕྱོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ཐའེ་དབན་མཚོ་འགག་གི་དུས་བབ་ལ་ཐེ་ཇུས་བྱེད་ཕོད་ཚེ་བཙན་འཛུལ་གྱི་བྱ་སྤྱོད་ལ་འགྱུར་སྲིད་པས། ཀྲུང་གོ་ཕྱོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་སྤྲད་པའི་རང་སྲུང་དབང་ཆ་མཐའ་གཅིག་ཏུ་སྤྱད་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་དམག་ཕམ་པའི་རྒྱལ་ཁབ་ཡིན་པའི་ངོས་ནས། རི་པིན་ཕྱོགས་ཀྱིས་ངེས་པར་དུ་ལོ་རྒྱུས་ཀྱི་ཉེས་འགན་ལ་རང་སྐྱོན་རང་ཞིབ་གཏིང་ཟབ་བྱས་ཏེ། ཐའེ་དབན་གྱི་གནད་དོན་སྐོར་ལ་ཆབ་སྲིད་ཀྱི་ཁས་ལེན་བྱས་པར་བརྩི་སྲུང་ནན་པོ་ཞུས་ནས་འཕྲལ་དུ་བསྙས་རྐོ་དང་དམར་ཐིག་ལས་བརྒལ་མཚམས་བཞག་སྟེ་ནོར་འཁྲུལ་གྱི་གཏམ་བརྗོད་ཕྱིར་འཐེན་བྱེད་དགོས།