རྒྱ་གར་གྱི་རིམས་ནད་དེ་གཅིག་བྱས་ན་སྨན་ཁང་ནས་མཆེད་པ་ཡིན་འདུག
སྤེལ་དུས 2026-01-29
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན
རྩོམ་པ་པོ།
རྒྱ་གར་ཤར་རྒྱུད་ཀྱི་ནུབ་བྷང་ག་ལ་མངའ་སྡེར་ཉེ་ལམ་ཉི་ཕཱ་ནད་དུག་གི་རིམས་ནད་ཐོན་པ་དང་། ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་5བར་མང་དུ་ཕྱིན་ཡོད། རིམས་ནད་འགོས་མཁན་དག་ད་ལྟ་མངའ་སྡེ་དེའི་ལྟེ་བའི་གྲོང་ཁྱེར་ཅར་ཀོ་ཏ་དང་དེའི་མཐའ་འཁོར་གྱི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ནད་པ་གཅིག་གི་ནད་བབ་ཚབས་ཆེན་པོ་ཡོད།
ནུབ་བྷང་ག་ལ་མངའ་སྡེའི་འཕྲོད་བསྟེན་དཔོན་རིགས་ཤིག་གིས། ཅར་ཀོ་ཏ་ཉེ་འགྲམ་གྱི་སྒེར་བཙུགས་སྨན་ཁང་ཞིག་གི་སྨན་དོན་མི་སྣ་2ནི་ད་ཐེངས་ཀྱི་རིམས་ནད་ཁྲོད་ནད་གཞི་གཏན་འཁེལ་བྱུང་སྔ་ཤོས་ཀྱི་ནད་པ་ཡིན་པ་དང་། དེ་གཉིས་ནི་དེའི་གོང་དབུགས་ལམ་གྱི་ནད་རྟགས་ཚབས་ཆེན་ཐོན་པའི་ནད་པ་ཞིག་གི་ས་ནས་ནད་དུག་འགོས་པ་ཡིན་བཟོ་ཡོད། ནད་པ་དེ་ནི་ཉི་ཕཱ་ནད་དུག་གི་ཞིབ་དཔྱད་མ་བྱས་གོང་ནས་གྲོངས་ཡོད་ཅེས་བརྗོད་ཡོད།
ས་གནས་དེ་གའི་སྲིད་གཞུང་གིས་བྱ་ཐབས་སྤྱད་དེ་ནད་དུག་མཆེད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ་དང་། མིག་སྔར་མི་བརྒྱ་ཙམ་ཁྱིམ་དུ་ལོགས་དབྱེ་བྱ་དགོས་པའི་རེ་བ་བཏོན་ཡོད་པ་རེད། ནད་དུག་དེ་རྒྱུན་པར་ཕ་ཝང་ནས་མིའི་རིགས་ལ་འགོ་ཡི་ཡོད་པས། ནུབ་བྷང་ག་ལའི་མངའ་སྡེས་སྲོག་ཆགས་ར་བ་མང་པོར་གསོས་པའི་ཕ་ཝང་ལ་དཔེ་ལེན་ཞིབ་དཔྱད་ཚད་ལེན་བྱ་དགོས་པའི་བླང་བྱ་བཏོན་ཡོད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉི་ཕཱ་ནད་དུག་ནི་མི་ཕྱུགས་གཉིས་ཀར་འགོ་སྲིད་པའི་ནད་དུག་ཅིག་ཡིན་པ་དང་། འགོས་ནད་འགོས་པའི་སྲོག་ཆགས་(དཔེར་ན་ཕ་ཝང་དང་ཕག་ལྟ་བུ་)སམ་ཡང་ན་འགོས་ནད་འགོས་པའི་སྲོག་ཆགས་དེ་དག་གི་མཆིལ་མ་དང་གཅིན་པ། གཤང་གཅི་སོགས་ཀྱི་སྦགས་བཙོག་ཐེབས་པའི་ཟས་རིགས་བརྒྱུད་མིའི་རིགས་ལ་འགོ་ཡི་ཡོད་པ་དང་། མི་དང་མིའི་བར་དུ་ཡང་མཆེད་པའི་གནས་ཚུལ་མཐོང་རྒྱུ་ཡོད། མིའི་རིགས་ལ་འགོས་རྗེས་ཀྱི་ནད་རྟགས་ལ་དོས་དྲག་རང་བཞིན་གྱི་དབུགས་ལམ་རེད་པ་དང་སྲོག་ལ་ཐུག་པའི་ཀླད་པའི་གཉན་ཚད་སློང་བ་སོགས་ཡོད་ཅིང་། འཆི་ཚད་40%ཡན་ཟིན་གྱི་ཡོད། མིག་སྔར་ཆོག་མཆན་ཐོབ་པའི་རིམས་འགོག་སྨན་ཁབ་བམ་དམིགས་བསལ་གྱི་ཕན་ནུས་ལྡན་པའི་སྨན་ཞིག་ད་དུང་ཐོན་མེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། 1998ལོ་ནས་བཟུང་། བྷང་ག་ལ་དང་། རྒྱ་གར། མ་ལེ་ཞི་ཡ། ཧྥི་ལི་ཕིན། སིང་ཀ་ཕོར་བཅས་ཚང་མས་ཉི་ཕཱ་ནད་དུག་གི་རིམས་ནད་ཐོན་པའི་སྙན་སེང་ཞུས་མྱོང་། རྒྱ་གར་དུ་2001ལོ་ནས་བཟུང་ཉི་ཕཱ་ནད་དུག་གི་རིམས་ནད་ཐེངས་མང་ཐོན་ཡོད། 2025ལོའི་ཟླ་5ཚེས་17ཉིན་ནས་ཟླ་7ཚེས་12ཉིན་བར། རྒྱ་གར་གྱི་ཁ་ལ་ལ་མངའ་སྡེར་ཉི་ཕཱ་ནད་དུག་འགོས་པའི་ནད་དཔེ་4སྙན་སེང་ཞུས་པ་དང་། དེའི་ནང་ནས་ནད་དཔེ་2གྲོངས་ཡོད།