ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ནེ་ཐ་ཉི་ཡ་ཧུའུ་ཡིས་ཧ་མ་སིའི་དྲག་ཆས་མེད་པ་བཟོ་བ་ནི་ཀ་ཧྲ་བསྐྱར་སྐྲུན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་བརྗོད་པ།

སྤེལ་དུས 2026-01-29 ཡོང་ཁུངས། རྩོམ་པ་པོ།
  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་27ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་བཏོན་པའི་ཀ་ཧྲ་རུ་དམག་མཚམས་འཇོག་རྒྱུའི་འཆར་གཞིའི་དུས་མཚམས་གཉིས་པའི་ཐད་རྣམ་འགྱུར་བསྟན་ནས། དབྱི་སི་རལ་གྱི་ཆབ་སྲིད་དང་བདེ་འཇགས་ཁེ་ཕན་ཁྱོན་ཡོངས་ནས་འགན་ལེན་ཐུབ་པ་དགོས་ཞེས་ནན་སྟོན་བྱས་ཡོད། ནེ་ཐ་ཉི་ཡ་ཧུའུ་ཡིས། མིག་སྔར་དབྱི་སི་རལ་གྱི་གཙོ་གནད་ནི་ལས་འགན་གཉིས་ལེགས་སྒྲུབ་བྱ་རྒྱུ་དེ་ཡིན་པ་སྟེ། ཧ་མ་སིའི་དྲག་ཆས་མེད་པ་བཟོ་རྒྱུ་དང་དེ་བཞིན་ཀ་ཧྲ་ས་ཁུལ་དམག་དོན་ས་ཁུལ་མིན་པར་འགྱུར་བ་བྱ་རྒྱུ་དེ་ཡིན། དེའི་ནང་མཚོན་ཆ་དང་ས་འོག་སྦུག་ལམ་གཙང་སེལ་བྱ་རྒྱུ་ཚུད་ཡོད་ཅེས་བརྗོད་ཡོད།
  ནེ་ཐ་ཉི་ཡ་ཧུའུ་ཡིས། དྲག་ཆས་མེད་པ་མ་བཟོས་གོང་ཀ་ཧྲ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་ཏུ་འཇུག་མི་སྲིད་ལ། ཀ་ཧྲ་ས་ཁུལ་ཚུད་པའི་ས་ཆར་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་སུ་འཇུག་ཀྱང་མི་སྲིད་ཅེས་ནན་སྟོན་བྱས་ཡོད་པ་དང་། ནེ་ཐ་ཉི་ཡ་ཧུའུ་ཡིས། ཨ་རི་ཕྱོགས་ཀྱི“འཆར་གཞི་དོན་ཚན་20”ཡི་ཆ་ཤས་ཤིག་ཡིན་པའི་ངོས་ནས། དབྱི་སི་རལ་གྱིས་ལ་ཧྥ་རྒྱལ་མཚམས་སྒྲོལ་བའི་ས་ཚིགས་སྒོ་འབྱེད་རྒྱུར་མོས་མཐུན་བྱེད་ཀྱི་ཡོད་མོད། འོན་ཀྱང་དབྱི་སི་རལ་གྱིས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་རྗེས་གཞི་ནས་སྒོ་འབྱེད་རྒྱུ་མ་ཟད། འགག་སྒོ་དེ་ནས་དངོས་ཟོག་སྒྲོལ་ཏུ་འཇུག་རྒྱུ་མིན་པར། མི་སྣ་ཁོ་ན་འགྲོ་སྐྱོད་བྱེད་ཏུ་འཇུག་རྒྱུ་ཡིན་ཞེས་བརྗོད་ཡོད།
  དབྱི་རན་གྱི་དུས་བབ་སྐོར་གླེང་སྐབས། ནེ་ཐ་ཉི་ཡ་ཧུའུ་ཡིས། གལ་ཏེ་དབྱི་རན་གྱིས་དབྱི་སི་རལ་ལ་ཚུར་རྒོལ་བྱ་རྒྱུའི་ཐག་བཅད་ཚེ། དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་སྲིད་པ་དང་། དབྱི་སི་རལ་གྱིས་དེ་སྔ་མཐོང་མྱོང་མེད་པའི་དྲག་ཤུགས་ཐོག་ནས་ཡ་ལན་སྤྲོད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་ཡོད།