ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་རུ་ཁག་གི་གཟེངས་རྟགས་དང་པོ་སུའུ་དབྱི་མིང་ལ་ཐོབ་པ།

སྤེལ་དུས 2026-02-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ཚེས7ཉིན། སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྐྱང་པང་གངས་ཤུད་སྐྱེས་པའི་མཆོང་སྟེགས་ཆེན་པོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་དུ། ཀྲུང་གོའི་ཨང་དང་པོ་ཐོབ་མཁན་སུའུ་དབྱི་མིང་གིས་སྤྱིའི་སྐར་གྲངས168.50ཡི་ཐོག་ནས་ཟངས་ཀྱི་རྟགས་མ་བླངས་པ་དེ་ནི་ཀྲུང་གོའི་འཐུས་མི་ཚོགས་པས་སྐབས་འདིའི་འགྲན་བསྡུར་ཁྲོད་དུ་ཐོབ་པའི་གཟེངས་བསྟོད་རྟགས་མ་དང་པོ་རེད།


ཟླ2པའི་ཚེས7ཉིན། ཀྲུང་གོའི་བདམས་ཐོན་པ་སུའུ་དབྱི་མིང་འགྲན་བསྡུར་ལ་ཞུགས་བཞིན་པ།

            དཀའ་ཚེགས་ཆེ་བའི་ཛ་དྲག་གི་འགྲན་རྩོད་ཁྲོད་དུ། འཇར་པན་གྱི་བདམས་ཐོན་པ་མུའུ་ཚུན་ཁུའེ་ལའེ་དང་མུའུ་མུའུ་ཀྲེན་གྱིས་དེ་བས་བབ་བརླིང་ལྡན་པའི་རྩལ་རྩེད་ལ་བརྟེན་ནས་ཨང་དང་པོ་དང་གཉིས་པ་ཐོབ་ཡོད། ལོ་བཞིའི་གོང་ལ། སུའུ་དབྱི་མིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ལྟེ་འཁྱིལ་རྒྱག་སྟངས1800གཉིས་ལ་བརྟེན་ནས་ཨང་དང་པོ་བླངས་ཤིང་།  ལོ་བཞིའི་རྗེས་སུ་སྨི་ལན་དུ་ལྟེ་འཁྱིལ་རྒྱག་སྟངས1980དེ་ད་གཟོད་འགྲན་བསྡུར་གྱི་བདམས་ཐོན་པ་ཚང་མས་འདོན་དགོས་ངེས་ཀྱི་རྩལ་ནུས་ཤིག་ཏུ་གྱུར་ཡོད། སུའུ་དབྱི་མིང་གི་མཆོང་ཐེངས་གསུམ་ཚང་མ1980བྱུང་མོད། མཆོང་ཐེངས་གཉིས་པ་དང་གསུམ་པར་ལག་པས་ས་ལ་ཐུག་པའི་སྐྱོན་ཆ་ཕྲན་བུ་ཐོན།

            “བྱ་དགའི་སྟེགས་བུར་འགྱིང་ཐུབ་པ་ནི། རང་ཉིད་ཀྱི་ངོས་ནས་སྤོབས་པ་སྐྱེས་དགོས་པ་ཞིག་རེད། དེ་རིང་གྲུབ་འབྲས་གང་འདྲ་ཞིག་ཐོབ་ཀྱང་། ངས་ཡོད་ཚད་བློས་གཏོང་བྱས་ཡོད་པས། འགྱོད་པ་རྩ་བ་ནས་སྐྱེ་གི་མི་འདུག”ཅེས་སུའུ་དབྱི་མིང་གིས་འགྲན་བསྡུར་མཇུག་འགྲིལ་རྗེས་འདི་ལྟར་བརྗོད།


ཟླ2པའི་ཚེས7ཉིན། ཨང་གསུམ་པ་ཐོབ་པའི་ཀྲུང་གོའི་བདམས་ཐོན་པ་སུའུ་དབྱི་མིང་བྱ་དགའ་སྤྲོད་པའི་མཛད་སྒོ།

            རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལ་ཁྱོན་བསྡོམས་རེས་སྐོར་གསུམ་ཤུད་སྐྱོད་བྱས་པ་ལས་རེས་སྐོར་གཉིས་ཀྱི་གྲུབ་འབྲས་ཡག་ཤོས་དེ་གཉིས་ཀྱི་ཨང་རིམ་བསྣན་རྒྱུ་ཡིན་པ་རེད། སྒྲིག་སྲོལ་གཞིར་བཟུང་སྟེ། རེས་སྐོར་སྔོན་མ་གཉིས་ནི་ཐོབ་ཐང་འགྲན་བསྡུར་གྱི་གྲུབ་འབྲས་ལ་གཞིགས་ནས་རིམ་པ་ལྡོག་ནས་འགོ་བརྩམས་པ་དང་། རེས་སྐོར་གསུམ་པའི་འགྲན་བསྡུར་ལ་ཞུགས་པའི་གོ་རིམ་དེ་མཆོང་སྔོན་གཉིས་ཀྱི་སྤྱིའི་སྐར་གྲངས་ལྡོག་ཕྱོགས་སུ་བསྒྱུར་ཡོད། འདིས་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་དེ་ཆེས་མཇུག་མཐའི་བར་དུ་རྒྱུན་མཐུད་དུ་བཅུག་ཡོད།

            སུའུ་དབྱི་མིང་གིས་རེས་སྐོར་དང་པོའི་རྐང་རུབ་སྤོས་ཏེ་ནང་སྐོར1980ཡི་འགུལ་སྐྱོད་ཁྲོད་དུ། ཁོང་གིས་མཆོང་ལྡིང་ཡག་པ་དང་པང་ལེབ་ཀྱི་ལྡེམ་ཤུགས་ལེགས་པ། ཡོ་འཁྱོག་མེད་པར་ས་ལ་བབས་རྗེས་སྐར་མ88.25ཐོབ་པ་དང་བདམས་ཐོན་པ་ཚང་མའི་ཁྲོད་དུ་གནས་སྐབས་ཨང་གཉིས་པར་སླེབས་ཡོད་པ་དང་།  སྐར་མ89.00ཐོབ་པའི་མུའུ་ཚུན་ཁུའེ་ལའེ་དང་ཁྱད་པར་ཕྲན་བུ་ལས་མེད་པ་རེད། མཆོང་ལྡིང་གཉིས་པར་སུའུ་དབྱི་མིང་གིས་རྐང་པ་ཕྱི་སྒྲིམ་ནང་སྐོར1980བརྒྱབ་ནས་སར་འབབ་སྐབས་ལག་པ་གཉིས་ཀྱིས་སར་ཐུག་པས་སྐར་མ73.75ལས་ཐོབ་མེད།

            རེས་སྐོར་གཉིས་མཇུག་སྒྲིལ་རྗེས། སུའུ་དབྱི་མིང་གི་བསྡོམས་གྲངས162.00བརྒལ་ནས་གནས་སྐབས་ཨང་གཉིས་པར་སླེབས་པ་དང་། སྐར་མ171.50ཐོབ་པའི་མུའུ་མ་མུའུ་ཀྲེན་གྱི་རྗེས་ཆོད་པར་སླེབས་རྗེས་སུ། ཁོང་གཉིས་རེས་སྐོར་གསུམ་པའི་ཆེས་མཇུག་མཐའི་འགྲན་བསྡུར་ལ་ཞུགས་ཐུབ། མུའུ་ཚུན་ཁུའེ་ལའེ་མཆོང་ཐེངས་གཉིས་པར་སྐྱོན་ཆ་ཕྲན་བུ་ཐོན་པས། མཇུག་ནས་བརྩིས་པའི་ཨང་བཞི་པར་སླེབས་ཡོད།

            རེས་སྐོར་གསུམ་པར་སླེབས་རྗེས་སུ། འགྲན་བསྡུར་གྱི་གནས་བབ་ལ་སླར་ཡང་འགྱུར་ལྡོག་བྱུང་། ཨ་རིའི་བདམས་ཐོན་པ་ཨོ་ལི་ཧྥུའུ·མ་ཏིང་གི་མཆོང་ཐེངས་གསུམ་པར་སྐར་མ83.50ཐོབ་པ་དང་སྤྱིའི་སྐར་གྲངས163.00ཟིན་ནས་སུའུ་དབྱི་མིང་ལས་རྣམ་པར་རྒྱལ་ཡོད་པ་རེད། ཅུང་ཙམ་འགོར་རྗེས་གར་སྟེགས་སུ་ཞུགས་པའི་མུའུ་ཚུན་ཁུའེ་ལའེ་ཡིས་ཕུལ་དུ་བྱུང་བའི་རྐང་པ་ཕྱི་སྒྲིམ་ནང་སྐོར1980ཡི་འགུལ་སྐྱོད་ལ་བརྟེན་ནས་སྐར་མ90.50ཐོབ་པ་དང་། སྤྱིའི་སྐར་གྲངས179.50བར་འཕར་ནས་བདམས་ཐོན་པ་ཚང་མ་ལས་རྣམ་པར་རྒྱལ་ནས་ཨང་དང་པོར་སླེབས་ཡོད།

            སུའུ་དབྱི་མིང་གར་སྟེགས་སུ་ཐོན་སྐབས་སུ། ཁོང་ལ་མཆོང་ཐེངས་གསུམ་པའི་ཁྲོད་སྐར་མ74.75ཐོབ་ཚེ་གཞི་ནས་བྱ་དགའི་སྟེགས་བུར་འགྱིང་ཐུབ། འོན་ཀྱང་ཨང་དང་པོ་ལེན་དགོས་ན། ཉུང་མཐར་ཡང་སྐར་མ91.25ཐོབ་དགོས་པར་མ་ཟད། དེ་རྗེས་འགྲན་བསྡུར་ལ་ཞུགས་པའི་མུའུ་མུའུ་ཡི་རྐང་རྩལ་ལ་ལྟ་དགོས།

            མཐའ་མའི་རེས་སྐོར་ལ། སུའུ་དབྱི་མིང་གིས་མུ་མཐུད་ནས་རྐང་པ་ཕྱི་སྒྲིམ་ནང་སྐོར1980ཡི་འགུལ་སྟངས་རྩེད་མོད། འོན་ཀྱང་ས་ལ་འབབ་སྐབས་ལག་པ་གཉིས་ས་ལ་ཅུང་ཐུག་ནས་སྐར་གྲངས80.25ཐོབ་པ་དང་མཐར་སྤྱིའི་སྐར་གྲངས168.50ཡི་ཐོག་ནས་ཟངས་ཀྱི་རྟགས་མ་ཐོབ་ཡོད།


ཟླ2པའི་ཚེས7ཉིན། སུའུ་དབྱི་མིང་གིས་མཆོང་ཐེངས་གསུམ་པ་བྱས་རྗེས་སུ།

            མཇུག་མཐའི་ཉམས་དོད་ཤོས་སུ་གྱུར་བའི་མུའུ་མུའུ་ཀྲེན་གྱིས་རྐང་པ་རུབ་སྤོས2160ཡི་འགུལ་སྟངས་ཚོད་ལྟ་བྱས་མོད། འོན་ཀྱང་ཐོབ་སྐར་རེས་སྐོར་གོང་གཉིས་ཀྱི་སྐར་མ་ལས་བརྒལ་མ་ཐུབ་པས། མཐར་སྤྱིའི་སྐར་གྲངས171.50ལ་གཏན་འཁེལ་བྱས་ནས་དངུལ་གྱི་རྟགས་མ་ཐོབ་པ་དང་མུའུ་ཚུན་ཁུའེ་ལ་གསེར་གྱི་རྟགས་མ་ཐོབ།

            ད་ཐེངས་ཀྱི་འགྲན་བསྡུར་ཐོག་ནས་རྣམ་གྲངས་དེའི་ཐད་འཇར་པན་རུ་ཁག་གི་སྤྱི་ཡོངས་ཀྱི་དགེ་མཚན་མངོན་གྱི་ཡོད་པ་དང་། ཐོབ་ཐང་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ4ཚང་མ་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ལ་ཞུགས་ཡོད། ཐོབ་ཐང་འགྲན་བསྡུར་གྱི་ཨང་རིམ་མདུན་གྲས་ཀྱི་ཏི་ཡོན་ཏ་ཞང་དང་ཁྲང་ཀུའུ་ཁྲོན་ཏི་ཧྲེང་ལ་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད་སྐྱོན་ཆ་བྱུང་སྐབས། འཇར་པན་གྱི་བདམས་ཐོན་པ་གཞན་གཉིས་ཀྱིས་སྔར་བཞིན་གསེར་དང་དངུལ་གྱི་རྟགས་མ་བླངས་པ་རེད།

            དེ་རྗེས་སུའུ་དབྱི་མིང་ད་དུང་ཐུར་ངོས་ཀྱི་འགོག་རྐྱེན་ལས་བརྒལ་བའི་རྣམ་གྲངས་ཀྱི་འགྲན་རྩོད་ལ་ཞུགས་རྒྱུ་རེད། ཁོང་གིས་སྟེགས་མཆོང་ཆེན་པོའི་འགྲན་བསྡུར་མཇུག་འགྲིལ་བ་དང་ཆབས་ཅིག་རང་ཉིད་ཀྱང་དེ་བས་སེམས་ཁམས་བག་ཕེབས་པོའི་ཐོག་ནས་རྗེས་མའི་འགྲན་བསྡུར་ལ་ཞུགས་ཆོག་ཅེས་བཤད།


ཟླ2པའི་ཚེས7ཉིན། སུའུ་དབྱི་མིང་གིས་བྱ་དགའ་གནང་རྗེས་ཀྱི་མཛད་སྒོའི་རྗེས་སུ་གཟེངས་བསྟོད་རྟགས་མ་ལ་ལྟ་བཞིན་པ།

            སུའུ་དབྱི་མིང་གིས་བརྗོད་དོན། “ད་ཆ་ངས་ཨང་དང་པོ་ཐོབ་འདོད་ཀྱི་གནོན་ཤུགས་འཁུར་མི་དགོས་ལ། འགྲན་སློང་བ་ཞིག་གི་ངོས་ནས་རྗེས་ཀྱི་སྦྱོང་བརྡར་དང་འགྲན་བསྡུར་ལ་ཞུགས་ཆོག་པས་སེམས་ཁྲལ་བྱེད་དགོས་མེད།”

རྩོམ་སྒྲིག་པ།  ཚེ་རིང་།