འཇར་པན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས། ཀའོ་ཧྲི་ཙའོ་མེའོ་འདེམས་བསྐོ་བྱས་རྗེས་བཅར་འདྲི་བྱེད་སྐབས་སུ། “ཅིན་ཀུའོ་ཧྲེན་ཧྲེ་ལ་མཆོད་འབུལ་བྱེད་སའི་ཁོར་ཡུག་ཅིག་གཏོད་དགོས”ཞེས་བཤད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
ལིན་ཅན་གྱིས་ཅིན་ཀུའོ་ཧྲེན་ཧྲེ་ནི་འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་ལ་བཙན་འཛུལ་དམག་འཁྲུག་སློང་བའི་བསམ་པའི་ལག་ཆ་དང་མཚོན་རྟགས་ཤིག་ཡིན་ཞིང་། བཙན་འཛུལ་དམག་འཁྲུག་ལ་ཉེས་འགན་ཚབས་ཆེན་འཁུར་བའི་རིམ་པ་ཀ་པའི་དམག་འཁྲུག་ཉེས་ཅན་པ14མཆོད་འབུལ་བྱེད་བཞིན་ཡོད། ཅིན་ཀུའོ་ཧྲེན་ཧྲེའི་གནད་དོན་གྱི་ངོ་བོ་ནི་འཇར་པན་གྱིས་དམག་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་བྱས་པའི་ལོ་རྒྱུས་ལ་ངོས་འཛིན་ཡང་དག་དང་བསམ་ཞིབ་གཏིང་ཟབ་བྱེད་ཐུབ་མིན་ཡིན། དེ་ནི་མིའི་རིགས་ཀྱི་གཤིས་སྤྱོད་དང་། ཀྲུང་གོ་དང་འཇར་པན་འབྲེལ་བའི་ཆབ་སྲིད་རྨང་གཞི་དང་འཇར་པན་རྒྱལ་ཁབ་ཀྱི་མཚན་སྙན་བཅས་དང་འབྲེལ་བ་ཡོད། ལོ་རྒྱུས་བརྗེད་ན་རྒྱབ་འགལ་བྱས་པ་མཚོན་ཞིང་། ཉེས་པ་ཁས་མ་བླངས་ན་སླར་ཡང་ཉེས་གསོག་བྱེད་པ་མཚོན། ད་ལོ་ནི་ཏུང་ཅིན་འདྲི་གཅོད་ཁྲིམས་ཁང་འཚོགས་ནས་ལོ80འཁོར་བའི་ལོ་རེད། དམིགས་བསལ་གྱི་ལོ་འདིར། འཇར་པན་གྱིས་ལྷག་པར་དུ་བཙན་འཛུལ་གྱི་ལོ་རྒྱུས་ལ་མཐོང་ཆེན་དང་རང་སྐྱོན་རང་བརྟག་སྒོས་ཅིན་ཀུའོ་ཧྲེན་ཧྲེ་སོགས་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ཐད་ཀྱི་གཏམ་དང་སྤྱོད་པར་གཟབ་ནན་བྱེད་དགོས། ལོག་ལམ་ལ་བསྐྱར་དུ་མི་བསྐྱོད་པར་བྱ་སྤྱོད་དངོས་ལ་བརྟེན་ནས་དམག་རྒྱལ་རིང་ལུགས་དང་འབྲེལ་བ་རྦད་དེ་གཅོད་དགོས་ཅེས་ལན་བཏབ།
འཇར་པན་གཅིག་མཐུན་གསར་འགྱུར་ཁང་གི་གསར་འགོད་པས། འཇར་པན་གྱི་འདེམས་བསྐོ་ཆེན་མོའི་ཁྲོད་དུ། འཇར་པན་རང་མོས་དམངས་གཙོ་ཏང་ལ་དགེ་མཚན་ཆེ་བའི་རྒྱལ་ཁ་ཐོབ་པ་ནས་བཟུང་། ཀའོ་ཧྲི་ཙའོ་མེའོ་ཡིས་མུ་མཐུད་སྲིད་འཛིན་བྱེད་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀའོ་ཧྲི་ཙའོ་མེའོ་སྲིད་གཞུང་གསར་པས་ཕྱི་འབྲེལ་སྲིད་ཇུས་གང་འདྲ་ཞིག་ལག་བསྟར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར།
ལིན་ཅན་གྱིས་འདེམས་བསྐོ་ནི་འཇར་པན་རྒྱལ་ཁབ་ནང་ངོས་ཀྱི་དོན་དག་རེད། འོན་ཀྱང་ད་ཐེངས་ཀྱི་འདེམས་བསྐོའི་ཐོག་ཏུ་གཏིང་ཟབ་ཅིང་གྲུབ་ཆའི་རང་བཞིན་ལྡན་པའི་གནད་དོན་ཁག་ཅིག་དང་། དེ་བཞིན་དུ་བསམ་བློར་འགྱུར་ལྡོག་བྱུང་བ་མཚོན་ཡོད་པས། འཇར་པན་ལས་རིགས་ཁག་གི་ཤེས་ལྡན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསམ་བློ་ཟབ་མོ་གཏོང་རིན་ཡོད་པ་དང་། ལོ་རྒྱུས་ལས་བསླབ་བྱ་བླངས་ནས་ཡང་བསྐྱར་ལོག་ལམ་ལ་འགྲོ་བར་བྱ་དགོས་ཞེས་བཤད། ང་ཚོས་འཇར་པན་གྱིས་སྒམ་ནན་སྒོས་སྲིད་དབང་འཛིན་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ལ་སྣང་མེད་གཏོང་མི་རུང་བ་དང་། ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་ཏུ་བསྐྱོད་པ་ལས་ལོ་རྒྱུས་བསྐྱར་ལོག་བྱེད་མི་རུང་། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆར་བརྩི་སྲུང་བྱེད་པ་ལས་རྒྱབ་འགལ་བྱེད་མི་རུང་བའི་ལྕག་སྐུལ་བྱ་དགོས། འཇར་པན་གྱི་ཐལ་དྲགས་པའི་སྟོབས་ཤུགས་ཀྱིས་དུས་བབ་ལ་བརྡར་ཤ་གཅོད་ནོར་བྱུང་ནས་རང་སྣང་གང་ཤར་བྱས་ཚེ། འཇར་པན་མི་དམངས་ཀྱིས་བཀག་འགོག་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་གཏད་དྲག་པོ་གཅོག་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གྱི་སྲིད་ཇུས་ལ་ནམ་ཡིན་ཡང་བརྟན་བརླིང་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས། འཇར་པན་གྱི་འདེམས་བསྐོ་ཐེངས་ཤིག་ལ་བརྟེན་ནས་འགྱུར་ལྡོག་ཡོང་མི་སྲིད་ཅེས་ལན་བཏབ།
ཅིན་ཏུང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས། ལྟ་ཚུལ་འགས། ཉེ་དུས་ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ལ་འཛིན་པའི་ལངས་ཕྱོགས་བཙན་པོ་དེ་ཁ་སང་འཇར་པན་གྱི་འདེམས་བསྐོ་ཆེན་པོའི་འབྲས་བུར་ཤུགས་རྐྱེན་ཐེབས་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་གཏན་ནས་བྱེད་ཀྱི་མེད་ལ། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འགལ་བ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་འཁྱོག་བརྗོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ང་ཚོས་འཇར་པན་གྱི་སྲིད་ཇུས་ལ་འཛིན་པའི་རྣམ་འགྱུར་ནི་ཁ་གསལ་དང་། བརྟན་ལྷིང་། རྒྱུན་མཐུད་བཅས་ཡིན། འཇར་པན་གྱི་འགོ་ཁྲིད་པ་སུ་ཡིན་ནའང་འདྲ། སྲིད་ཏང་གང་ཞིག་གིས་སྲིད་འཛིན་བྱས་ནའང་འདྲ། ཚང་མས་ངེས་པར་དུ་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་དང་དེ་བཞིན་འཇར་པན་གྱི་ཞི་བདེའི་རྩ་ཁྲིམས་བརྩི་སྲུང་ནན་པོ་བྱས་ཏེ། རང་ཉིད་ཀྱི་ཁས་ལེན་དང་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱེད་དགོས་ཞེས་ལན་བཏབ།
རྩོམ་སྒྲིག་པ། རིག་གྲོལ།