ཀྲུང་གོ་གཅིག་གི་རྩ་དོན་སྲུང་སྐྱོང་བྱེད་པ་ནི་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་པ་ཞིག་རེད།
སྤེལ་དུས 2026-02-11
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ན་ཏི་ཡཱ·ཞི་ལེ་སྨི།
འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དེ་ནི་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་དགོས་པའི་ལོ་རྒྱུས་དང་ཁྲིམས་གཞིའི་དོན་དངོས་ཤིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་དམ་བཅའ་བརྟན་དུ་གཏོང་བ་ནི་ཀྲུང་གོའི་བདག་དབང་ལ་བརྩི་འཇོག་བྱེད་པ་ཞིག་རེད་ལ། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་དེ་བས་རེད།
ཐའེ་དབན་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། དུས་རབས་གོང་མའི་ལོ་རབས་40པའི་ཀྲུང་གོའི་ནང་འཁྲུག་དང་དེ་རྗེས་ཀྱི་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ཐེ་ཇུས་བྱས་པས་ཐའེ་དབན་མཚོ་འགག་ངོགས་གཉིས་ཀྱི་ཆབ་སྲིད་ཁ་གཏད་དུ་ལངས་ཡོད། འོན་ཀྱང་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཁ་བྲལ་མྱོང་མེད་ལ། ཀྲུང་གོ་གཅིག་གི་རྩ་དོན་ལའང་གཡོ་འགུལ་ཐེབས་མྱོང་མེད། 1971ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758པའི་ནང་ཀྲུང་གོ་གཅིག་གི་རྩ་དོན་གཏན་འཁེལ་བྱས་པ་སྟེ། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་དེ་རེད། ཀྲུང་གོའི་རྩ་ཁྲིམས་ནང“ཐའེ་དབན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་ལེགས་སྒྲུབ་བྱེད་པ་ནི་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་བླ་ན་མེད་པའི་འགན་འཁྲི་ཞིག་ཡིན”ཞེས་གཏན་འབེབས་ཁ་གསལ་བྱས་ཡོད།
ཐའེ་དབན་འདི་ཉིད་རི་པིན་གྱིས་མི་སེར་སྤེལ་བའི་དབང་སྒྱུར་ལས་ཐར་བ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། དེའི་ནང་རི་པིན་གྱི་གཡས་ཕྱོགས་ཚུད་པའི་ཕྱི་ཕྱོགས་ཕྱོགས་གཏོགས་ཁག་གཅིག་གིས་ད་ལྟའི་བར་དུ་སྔར་བཞིན་ལོ་རྒྱུས་ལ་འཁྱོག་བཤད་བྱེད་རྩིས་བྱེད་པ་དང་ཐའེ་དབན་གྱི་གནད་དོན་ནང་ཞུགས་རྩིས་བྱེད་པའི་རེ་ངན་བཅངས་པ་དེ་ནི་ཀྲུང་གོའི་མི་དམངས་ལ་འཁྲུག་རྐྱེན་བསླངས་པ་དང་འཛམ་གླིང་ཡོངས་ཀྱི་ཞི་བདེར་དགའ་ཞེན་བྱེད་མཁན་མི་དམངས་ལ་ཕོག་ཐུག་བཏང་བ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རི་པིན་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་ཀྲུང་གོས་ཡིད་སྐྱོ་བའི་བློས་གཏོང་དང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་པ་བློ་ལ་བརྟན་པོར་ངེས་ནས། ཐའེ་དབན་གྱི་བདག་དབང་སླར་གསོ་བྱེད་པའི་ཕྱི་རོལ་ཡུལ་གྱི་ལོ་རྒྱུས་དོན་དངོས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། རྣམ་པ་གང་རུང་གི་དམག་རྒྱལ་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་རོ་ལངས་རྒྱག་པར་ངོ་རྒོལ་བྱེད་དགོས། ཞི་བདེའི་གནད་དོན་འདིའི་ཐད་འཛམ་གླིང་རྒྱལ་ཁབ་ཁག་གིས་ལམ་ནོར་འདིའི་ཐོག་མི་སྐྱོད་པ་དང་ཡིད་སྐྱོ་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས།
2025ལོར་ཀྲུང་གོས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཟླ་10ཚེས་25ཉིན་དེ་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་དེ་ནི་དོན་སྙིང་གལ་ཆེན་ལྡན་པའི་གཏན་འབེབས་ཤིག་ཡིན་པ་དེ་ཐོག་ནས་ལོ་རྒྱུས་ལ་གཅེས་སྤྲས་དང་ཞི་བདེ་དོན་གཉེར་བྱས་པ་མཚོན་ལ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོའང་མཚོན་ཡོད། བྱེད་ཐབས་དེའི་དམིགས་ཡུལ་ནི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་ཁས་ལེན་བྱེད་པའི་ཀྲུང་གོ་གཅིག་གི་རྩ་དོན་སྲུང་སྐྱོང་བྱ་རྒྱུ་ཡིན་པ་མ་ཟད། འཛམ་གླིང་སྐྱེ་བོ་ཀུན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རི་པིན་དམག་རྒྱལ་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས་ལ་ངོ་རྒོལ་བྱེད་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་རྣམས་ལ་དྲན་གསོ་ཞུ་དགོས་པའི་དྲན་སྐུལ་ཡང་བྱས་ཡོད།
ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་རེད། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་ཞི་བདེར་དགའ་ཞེན་བྱེད་མཁན་གྱི་རྒྱལ་ཁབ་དང་མི་དམངས་ཚང་མའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད།