འཛམ་གླིང་དབུས་ཤར་གྱི་རྡོ་སྣུམ་སྒྲིག་བཀོད་ལ་འཇབ་རྒོལ་ཕོག་ན“ཁོར་ཡུག་གི་མཇུག་འབྲས་ཚབས་ཆེན”བཟོ་སྲིད།
སྤེལ་དུས 2026-03-17
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་མགྲིན་ཚབ་པ་ཏི་ཡཱ་ལི་ཁེ་ཡིས་བརྗོད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་དབུས་ཤར་ས་ཁུལ་ཁ་ཤས་སུ་དམག་འཁྲུག་ཛ་དྲག་ཏུ་ཕྱིན་པ་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་ཤུགས་རྐྱེན་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་། ལྷག་པར་དུ་རྡོ་སྣུམ་སྒྲིག་བཀོད་ལ་འཇབ་རྒོལ་ཕོག་པའི་འབྲེལ་ཡོད་གནས་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། འཇབ་རྒོལ་དེ་རིགས་ཀྱིས་འཛམ་གླིང་དབུས་ཤར་ས་ཁུལ་ཧྲིལ་པོར“ཁོར་ཡུག་གི་མཇུག་འབྲས་ཚབས་ཆེན”བཟོ་སྲིད་པ་དང་འབྲེལ། ས་གནས་དེ་གའི་མང་ཚོགས་ལ་མཁོ་བའི་འཐུང་ཆུ་དང་། མཁའ་རླུང་། བཟའ་བཅའ་བཅས་ཀྱི་བདེ་འཇགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད།
ཏི་ཡཱ་ལི་ཁེ་ཡིས་འབྲེལ་ཡོད་ཕྱོགས་ཀྱིས་སྔོན་འགོག་བྱ་ཐབས་ཡོད་ཚད་སྤྱད་དེ་མི་སེར་ལ་དམག་འཁྲུག་གི་ཤུགས་རྐྱེན་མི་ཐེབས་པའི་སྲུང་སྐྱོང་བྱེད་དགོས་པ་དང་སྦྲགས། སྨན་བཅོས་སྒྲིག་བཀོད་དང་། སློབ་གྲྭ ཆུ་མཁོ་འདོན་མ་ལག རྨང་གཞིའི་སྒྲིག་བཀོད་གལ་ཆེན་གཞན་དག་བཅས་ལ་གཏོར་བཤིག་མི་ཕོག་པར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
དམག་དོན་གདོང་གཏུག་ལས་སྣུམ་རིན་མྱུར་དུ་འཕར་བའི་སྐོར་ལ། ཏི་ཡཱ་ལི་ཁེ་ཡིས། སྣུམ་རིན་འཕར་བ་དེས་དཔེར་ན་མི་ཆོས་རིང་ལུགས་ཀྱི་བཟའ་བཅའི་མ་གནས་དང་འབྲེལ་ཡོད་དངོས་ཟོག་སྐྱེལ་འདྲེན་མ་གནས་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་སྤྱོད་ཚུད་པའི་ཕྱོགས་མང་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད། འབྲེལ་ཡོད་ཤུགས་རྐྱེན་ལས་མིའི་རིགས་ཀྱིས་རྡོ་འགྱུར་འབུད་རྫས་གཞི་རྟེན་དུ་བྱེད་པ་ཡང་བསྐྱར་མངོན་པ་དང་། རྡོ་འགྱུར་འབུད་རྫས་མཁོ་འདོན་བྱེད་པ་དེ་ས་ཁུལ་ཉུང་ཤས་སུ་གཅིག་སྡུད་བྱས་ཡོད། ད་ཐེངས་ཀྱི་ཉམས་ཉེན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་ཆེན་པོས་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་གཏོང་བའི་གོ་སྐབས་སུ་འགྱུར་བར་བྱེད་དགོས་ཞེས་བརྗོད་པ་རེད།