ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

“ལག་ཏུ་འབྲུ་རིགས་ཡོད་ན་དངངས་སྐྲག་བྱེད་དགོས་དོན་མེད་པ་ནི་བདེན་དོན་ཞིག་རེད”

སྤེལ་དུས 2025-03-07 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  དཔྱིད་རླུང་ལྡང་བ་དང་བསྟུན་ནས་ཞིང་ནང་གི་མྱུ་གུ་འབུས་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་80ནང་སྐྱེས་ཀྱི་ཞིང་པ་མི་གསར་ཝུའེ་ཆའོ་ལ་ས་ཞིང་འདེབས་པའི་སྐོར་ལྷུག་པོར་བརྗོད་རྒྱུ་ཡོད།
  “གྲོང་ཁྱེར་ནས་ལས་ཁུར་དགོངས་ཞུ་བྱས་ནས་ཕ་ཡུལ་དུ་ལོག་པའི་སྐབས་སུ་འདི་འདྲ་མ་རེད། དེ་དུས་ས་ཞིང་འདེབས་པ་དང་འབྲུ་རིགས་བསྡུ་བའི་ཉམས་མྱོང་མི་འདང་བས་དཀའ་ལས་མང་པོ་འཕྲད་པ་མ་ཟད། གད་མོ་ཡང་མང་པོ་སློང་མྱོང་ཡོད། དངོས་གནས་སེམས་ལ་དངངས་སྐྲག་མེད་པ་ཡོང་སྲིད་དམ”ཞེས་གླེང་མོལ་ལྷུག་པོར་བྱེད་འགོ་ཚུགས།
  དེ་ནི་2020ལོའི་ཟླ་5ཚེས་23ཉིན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཉིད་ཀྱི་ཕྱག་ལས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་གནང་སྟེ། “ལག་ཏུ་འབྲུ་རིགས་ཡོད་ན་དངངས་སྐྲག་བྱེད་དགོས་དོན་མེད་པ་ནི་བདེན་དོན་ཞིག་རེད”ཅེས“འབྲུ་རིགས”ཀྱི་གལ་ཆེའི་རང་བཞིན་ནན་བཤད་གནང་ཡོད། “སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་རིགས་ཐོན་སྐྱེད་ལ་ཐུགས་ཁུར་དང་མཐོང་ཆེན་གནང་ལུགས་དངོས་གནས་ཚོར་བྱུང་བས། འབྲུ་རིགས་འདེབས་པའི་ངའི་གདམ་ག་དེ་བས་བརྟན་དུ་ཕྱིན་སོང” ཁ་པར་གསར་འགྱུར་ནས་སྐད་ཆ་དེ་ཐོས་སྐབས། ཝུའེ་ཆའོ་ཅང་སུའུ་རུན་གོ་ཞིང་ལས་ཡུང་ཤིན་ཞིང་འཕྲུལ་མཉམ་ལས་ཁང་གི་ཞིང་ནང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། སྐད་ཆ་འདི་ཁོང་གི་སེམས་ལ་བརྟན་པོར་ངེས་ཡོད།
  “ལྟོ་ཕོར་རང་གི་ལག་ཏུ་བཟུང་ན་གཞི་ནས་བློ་བདེ་པོ་ཡོང་གི་རེད། དཀའ་ངལ་ག་ཚོད་འཕྲད་རུང་མཛོད་ཁང་དུ་འབྲུ་རིགས་བྱུར་པོར་ཁེངས་པ་མཐོང་སྐབས་སེམས་ལ་གདེང་ཚོད་ཆེན་པོ་ཡོང་གི་འདུག”ཅེས་ཝུའེ་ཆའོ་ཡིས་མྱོང་ཚོར་ཟབ་མོའི་ངང་བརྗོད་པ་དང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ནི་གཟིགས་རྒྱང་རིང་ལ་ཕུགས་ཀྱི་ཇུས་གཞི་འདིང་མཁས་པ་ཞིག་རེད”ཅེས་བརྗོད།
  2023ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་། ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་བྱ་ཡུལ་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཐེངས་དང་པོ་བདམས་ཐོན་བྱུང་བའི་ཝུའེ་ཆའོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཉིས་སྤེལ་རེས་ཟབ་མོ་གནང་།
  “ངས་ཆུ་འབྲས་མུའུ་ཁྲི་2ལྷག་ཙམ་བཏབ་པའི་སྐོར་སྙན་སེང་ཞུ་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་བཞད་མོ་བཞད་བཞིན‘ལྷོ་ཕྱོགས་སུ་གཞི་ཁྱོན་དེ་ནི་ཆུང་ཆུང་མ་རེད། ཕན་ནུས་ཆེན་པོ་ཐོན་ཡོད་ཤས་ཆེ’ཞེས་བཀའ་འདྲི་གནང་བྱུང”ཞེས་ཝུའེ་ཆའོ་ཡིས་མུ་མཐུད་བརྗོད་པ་དང་། ཁོང་གིས“འདིའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅིས་འཕྲུལ་ཆས་ལ་གཞི་ཁྱོན་ཡོད་ན་བཀོལ་སྤྱོད་བྱེད་ཐུབ་པ་མ་ཟད། དེང་རབས་ཞིང་ལས་ཀྱི་བྱ་ཐབས་ཀྱང་ལག་ལེན་བསྟར་ཐུབ”ཅེས་གསུང་གི་འདུག་ཅེས་བརྗོད།
  ཝུའེ་ཆའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི“ལག་པར་འབྲུ་རིགས་ཡོད་ན་དངངས་སྐྲག་བྱེད་དགོས་དོན་མེད་པ་ནི་བདེན་དོན་ཞིག་རེད”ཅེས་པའི་བཀའ་མོལ་འདི་བློ་ལ་བརྟན་པོར་ངེས་ནས་ཚན་རྩལ་ལ་བརྟེན་ནས་ས་ཞིང་འདེབས་པའི་ལས་ལ་མཐའ་གཅིག་ཏུ་གཞོལ་ཡོད།
  མི་གཅིག་གིས་ས་ཞིང་མུའུ་ག་ཚོད་ལ་གཡོག་བྱེད་བྱེད་ཐུབ་བམ་ཞེ་ན། ཝུའེ་ཆའོ་ཡིས་ས་ཞིང་མུའུ་500ལ་གཡོག་བྱེད་བྱེད་ཀྱི་ཡོད།
  “ས་ཞིང་ཆེན་པོ་འདེབས་འཛུགས་གྲངས་འཛིན་ཅན་གྱི་ཞིང་ལས་སྤྲིན་ཚོམས་ལས་སྟེགས”ཐོག་ནས་ས་རྒྱུ་གཤིན་ཚད་དང་། མྱུ་གུ་སྐྱེ་ཚུལ། ཞིང་འཕྲུལ་བཀོལ་སྤྱོད་བདག་སྐྱོང་སོགས་ཀྱི་གནས་ཚུལ་གསལ་པོར་མཐོང་ཐུབ། ཞིང་འཕྲུལ་མཛོད་ཁང་དུ་གློག་སྒུལ་རྐྱང་པའི་འདྲུད་འཐེན་འཕྲུལ་འཁོར་སོགས་ཀྱི་སྒྲིག་ཆས་གྲལ་སྒྲིག་པོར་བཞག་ཡོད། ས་བོན་ཞིབ་འཇུག་གསར་སྤེལ་ལྟེ་གནས་སུ་གྲོ་སོན་གསར་པ་སྣ་ཁ་20དང་ཆུ་འབྲས་ཀྱི་སོན་གསར་སྣ་ཁ་20བཀོད་སྒྲིག་བྱས་པ་སོགས་ཞིང་ནང་དང་མུའུ་ཁར་ཚན་རྩལ་ལ་བརྟེན་ནས་ས་ཞིང་འདེབས་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད།
  “འབྲུ་རིགས་འདེབས་པར‘གསེར་གྱི་ཕྲག་ཤིང’འཁུར་དགོས། ན་ནིང་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.4ཡི་སྐས་རིམ་གསར་པར་སླེབས་ཡོད། དེའི་ནང་དུའང་ངའི་ལེགས་སྐྱེས་ཚུད་ཡོད”ཅེས་ཝུའེ་ཆའོ་ཡིས་བརྗོད་པ་དང་། ལང་ཚོའི་དཔལ་འབར་བའི་ཁོང་གི་ངོ་གདོང་ལས་སྤོབས་སེམས་ཀྱིས་ཁེངས་ཤིང་། འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་། ཝུའེ་ཆའོ་ཡིས་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུར་རྒྱབ་སྐྱོར་བྱེད་པ་དང་རིག་ནུས་ཞིང་འཕྲུལ་གྱི་རྒྱབ་སྐྱོར་དོ་དམ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་གྱི་འབྲེལ་ཡོད་ནང་དོན་གྲོས་འགོའི་ནང་འཇུག་རྩིས་ཡོད།
  ཉིན་ལྟར་ཞིང་ནང་དུ་ལས་ཀ་བྱེད་སྐབས། འབྲུ་རིགས་དང་གཙོ་ཟས་གཅིག་པ་མིན་པས། ཇི་ལྟར་བྱས་ནས“ལག་ཏུ་འབྲུ་རིགས་ཡོད་པ”དང་དུས་མཚུངས་མི་སེར་གྱི་ཅོག་རྩེའི་ཐོག་གི་ཟས་རིགས་དེ་བས་ཕུན་སུམ་ཚོགས་སུ་གཏོང་བའི་ཐད་ཝུའེ་ཆའོ་ཡིས་རྟག་ཏུ་བསམ་བློ་གཏོང་གི་ཡོད།
  “སྤྱི་ཁྱབ་ཧྲུའུ་ཅིས་ཐེངས་མང་གསུངས་པའི‘ཟས་རིགས་ཆེན་པོའི་ལྟ་བ’ཡིས་ངའི་མཐོང་རྒྱ་ཡངས་པོར་ཕྱེ་སོང་། ཤ་རིགས་དང་། སྒོ་ང་། བྱ་རིགས། འོ་མ། ཉ་རིགས། ཤིང་འབྲས། ཤ་མོ། ཇ་ལོ་སོགས་ཡོངས་རྫོགས་འབྲུ་རིགས་ཡིན་པས། ཚང་མ་གལ་ཆེན་པོ་རེད”
  མིག་སྔར། ཝུའེ་ཆའོ་ཡིས་བཤས་ཕྱུགས་རིགས་རྒྱུད་སྤེལ་བ་དང་སྡོམ་གསོས་རྒྱག་པའི་རྣམ་གྲངས་སྐྲུན་པར་བྲེལ་བཞིན་ཡོད་ཅིང་། ཝུའེ་ཆའོ་ཡིས“ཆུ་འབྲས་དང་གྲོ་འདེབས་པ་དང་། སོག་མ་གཟན་ཆག་ཏུ་བྱས་ནས་ཕྱུགས་རིགས་ལ་སྟེར་བ། དེ་ནས་དེ་ལུད་དུ་གྱུར་ནས་ཞིང་ཁར་བཤོ་བ་སོགས་ས་ཞིང་ཡག་པོ་འདེབས་པ་དང་ཐོན་འབབ་མང་དུ་བཏང་ན་ཤ་རིགས་ཀྱི་ཐོན་ཚད་ཀྱང་མང་དུ་འགྲོ་ཐུབ། འདེབས་གསོ་འཁོར་རྒྱུག་བྱེད་པ་ནི་ང་ཚོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་ཡིན”ཞེས་ཡིད་ཆེས་ཆེན་པོས་བརྗོད།
  རེ་བས་ཁེངས་པའི་ས་ཞིང་ཐོག འབད་བརྩོན་བྱེད་བཞིན་ཡོད་པས་ཝུའེ་ཆའོ་ལས་ཀ་ཇི་ཙམ་བྱས་པ་དེ་ཙམ་གྱིས་ངར་ཤུགས་ཆེ་རུ་འགྲོ་བཞིན་ཡོད།