ཐུན་མོང་དོ་ཁུར།
ཀློག་པ་པོའི་དྲི་བ།
རྒྱལ་ཡོངས་ཚོགས་འདུ་གཉིས་འཚོག་གྲབས་ཡོད་པས། ངས་སྨྱན་སྦྱོར་ནས་འཐུས་མི་དང་ཨུ་ཡོན་མི་ཉུང་བ་ཞིག་གི་འགན་སྒྲུབ་གནས་ཚུལ་མཐོང་བྱུང་། ཁོང་ཚོས་གྲོས་འགོ་མང་པོ་བཏོན་པ་དེ་རྣམས་དང་ལེན་བྱེད་སྲིད་དམ། ནུས་པ་ཅི་འདྲ་ཞིག་ཐོན་སྲིད་དམ།
—— མི་དམངས་དྲ་བའི་དྲ་གྲོགས། 15****7
དྲ་གྲོགས་འདིས་ཧ་ཅང་ཁ་གསལ་པོ་དྲིས་འདུག
སྔོན་ལ་གྲངས་གཞི་གསར་ཤོས་ཁག་གཉིས་མཉམ་སྤྱོད་བྱ་རྒྱུ།
ཟླ་2ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར། ན་ནིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་ཚོགས་འདུ་གཉིས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་ཁག་8783དང་། སྲིད་གྲོས་ཀྱི་གྲོས་གཞི་ཁག་4813བསྒྲུབས་པ་དེས་གྲོས་འགོ་དང་གྲོས་གཞིའི་བསྡོམས་འབོར་གྱི་95.1% དང་96.1%སོ་སོར་བཟུང་བ་དང་། གྲོས་གཞི་ཚང་མ་དུས་ཐོག་ཏུ་བསྒྲུབས་ཡོད་པ་རེད།
ན་ནིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་འཐུས་མི་དང་ཨུ་ཡོན་གྱིས་བཏོན་གནང་བའི་བསམ་འཆར་དང་གྲོས་འགོ་ཁག་5000ལྷག་ཙམ་དང་ལེན་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཁག་2000ལྷག་ཙམ་བཏོན་པར། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་སྐུལ་འདེད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་བཅས་ལ་ལས་ཀའི་གྲུབ་འབྲས་གསར་པ་ཐོབ་ཡོད།
དཔེར་ན། ནུས་རྒྱུ་གསར་པའི་རླངས་འཁོར་དེ་རིམ་བཞིན་གཞོན་ནུ་ཚོའི་འཛད་སྤྱོད་ཀྱི་དགའ་ཕྱོགས་གསར་པ་ཞིག་ཏུ་གྱུར་བ་དང་ཆབས་ཅིག ཕྱིར་ཚོང་རྗེས་ཀྱི་གནད་དོན་ལའང་དོ་ཁུར་བྱེད་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚའོ་ཅིན་ཧྥང་གིས《ནུས་རྒྱུ་གསར་པའི་རླངས་འཁོར་བཙོང་རྗེས་ཀྱི་འགན་ལེན་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》བཏོན་གནང་ཡོད། མི་རིང་བའི་གོང་། ཚའོ་ཅིན་ཧྥང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ལན་འབྱོར་གསལ། ནུས་རྒྱུ་གསར་པའི་རླངས་འཁོར་ཉམས་བཟོའི་ཚད་གཞིའི་མ་ལག་སྒྲིག་འཛུགས་ཞིབ་བཟོ་བྱས་ཏེ། ལས་ཞུགས་མི་སྣ་དང་། ཞབས་ཞུའི་སྤུས་ཚད། ཉམས་བཟོའི་ཞིབ་དཔྱད་ཚད་ལེན་སོགས་ཐད་ཀྱི་ཚད་གཞི་ཁག་32ཚུད་ཡོད་པ་མ་ཟད། “ནུས་རྒྱུ་གསར་པའི་རླངས་འཁོར་ཉམས་བཟོ་བའི”ལས་རིགས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རིགས་དབྱེ་སྒྲིག་སྲོལ》ནང་འཇུག་པར་སྐུལ་འདེད་བཏང་སྟེ། ནུས་རྒྱུ་གསར་པའི་རླངས་འཁོར་ལས་རིགས་ཀྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཡོད།
དཔེ་ཞིག་བཞག་ན། བརྡ་གཏོང་ཚོགས་འདུའི་ཐོག་སྡེ་ཚན་མི་ཉུང་བ་ཞིག་གིས་གྲོས་འགོ་དང་གྲོས་གཞི་བསྒྲུབས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་སྟེ། དམངས་སྲིད་པུའུ་ལ་མཚོན་ན། 2024ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་ཁག་313དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག་174བསྒྲུབས་ཡོད་པ་དེ་དག་གཙོ་བོ་རྒན་རྒོན་གྱི་རྒན་གསོ་དང་། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ལས་དོན་སོགས་དང་འབྲེལ་བ་ཡོད་པ་རེད།
ཇི་ལྟར་སྒྲུབ་བམ་ཞེ་ན་ཁག་གསུམ་ལ་དབྱེ་བ་སྟེ།
ལས་དོན་མ་བསྒྲུབས་གོང་རང་འགུལ་ངང་འབྲེལ་གཏུག་བྱེད་པ་དང་། སྒྲུབ་རིང་དུས་ཐོག་ཏུ་ལས་ཀའི་འཕེལ་རིམ་བརྡ་ཁྱབ་གཏོང་བ། བསྒྲུབས་རྗེས་ལན་ཞིབ་ཕྲ་འདེབས་པ། འཐུས་མི་དང་ཨུ་ཡོན་ཁག་གཅིག་ལས་སྒོའི་ཚོགས་འདུ་དང་། ཆེད་དོན་ཞིབ་འཇུག བཞུགས་མོལ་འདྲི་གླེང་བཅས་ལ་གདན་དྲངས་ཏེ། ངོ་ཐུག་གདོང་འཕྲད་ཀྱིས་གྲོས་མོལ་སྤེལ་རེས་བྱ་རྒྱུ་དེ་ནི་ཐབས་ཤེས་གཅིག་རེད། དེ་ལྟར་མུ་མཐུད་སྐུལ་འདེད་བཏང་ནས་དངོས་མཐོང་བདེན་རྟོགས་དེ་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་ཏེ། དམངས་སྲིད་པུའུ་ཡིས་ལོ་ཧྲིལ་པོར་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་ཁག་220ལྷག་ཙམ་དང་ལེན་བྱས་པ་དང་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཁག་24བཏོན་ཡོད།
འཐུས་མི་དང་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པ་ནི་གཟི་བརྗིད་ཡིན་པ་ཙམ་མ་ཟད། དེ་བས་འགན་འཁྲི་ཞིག་ཀྱང་ཡིན་པས། བླང་བྱ་དང་དཔྱད་ཞིབ་ཡོད་པར་བརྟེན་ཧ་ཅང་དོ་ནན་པོ་ཡོད།
ས་གནས་མང་པོ་ཞིག་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་འདུར་ཞུགས་པ་དང་། འདེམས་དམངས་ལ་སྣེ་ལེན་བྱེད་པ། གྲོས་གཞི་དང་གྲོས་འགོ་འདོན་པ་བཅས་ལ་དམིགས་ནས་དཔྱད་ཞིབ་བྱེད་ཐབས་གཏན་འཁེལ་བྱས་ཡོད། ད་ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུ་ཡིན་ཞིང་། འཆར་ཟིན་ནང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ཁ་གསལ་བཟོས་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དུས་བཀག་ལྟར་འགན་འཁྲི་སྒྲུབ་ཚུལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།
མི་རིང་བའི་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དང་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ལས་དོན་ཨུ་ལྷན་གྱིས་སྤུས་ཚད་མཐོ་པོས་འཐུས་མིའི་གྲོས་འགོ་ཐག་གཅོད་བྱེད་པའི་དཔེ་མཚོན་གྱོད་དཔེ་ཁག་10ཁྱབ་བསྒྲགས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་2024ལོའི་ལོ་འཁོར་གྱི་གྲོས་གཞི་བཟང་པོ་ཁག་60ཁྱབ་བསྒྲགས་བྱས་པ་དེ་ནི་འགན་འཁྲི་ནན་ཏན་སྒྲུབ་མཁན་འཐུས་མི་དང་ཨུ་ཡོན་ལ་སྐུལ་ལྕག་ཆེན་པོ་བྱས་པ་ཞིག་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། ཆེས་མཐོའི་ཁང་གཉིས་ཀྱི་སྙན་སྒྲོན་དང་། དེ་བཞིན་འཆར་གཞིའི་སྙན་སྒྲོན་དང་ད་དུང“རྒྱལ་ཁབ་ཀྱི་རྩིས་དེབ”ཏུ་འབོད་པའི་སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་ཞིབ་བྱ་རྒྱུ་ཡིན་པ་རེད། སྙན་སྒྲོན་དེ་དག་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དང་། སྲིད་འཛིན། ཁྲིམས་འཛིན་བཅས་སྤེལ་བ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་དངུལ་ཇི་ལྟར་གཏོང་བ་དང་གང་དུ་གཏོང་མིན་ཐད་ལའང་འབྲེལ་བ་ཡོད་པ་རེད། ཚོགས་འདུའི་རིང་། སྙན་སྒྲོན་ཁག་མཐའ་མའི་ལྷུ་ཚིགས་སུ་སླེབས་སྐབས་ད་དུང་བཟོ་བཅོས་རྒྱག་སྲིད། སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་རྒྱལ་ཁབ་ལས་ཁུངས་ཀྱིས་གཞི་ནས་ལས་འགན་བདེ་བླག་སྒྲུབ་ཆོག་གི་ཡོད།
ལྟ་ཞིབ་དང་། ཆེད་དོན་ཞིབ་འཇུག ཁྲིམས་འཛིན་ཞིབ་བཤེར་བཅས་ནང་ཞུགས་པ་དང་། གྲོས་གཞི་དང་།
བསམ་འཆར། གྲོས་འགོ་བཅས་འདོན་པ། གྲོས་ཞིབ་གཏམ་བཤད་བྱེད་པ་དང་དྲི་བ་འདོན་པ། འདེམས་བསྐོ་དང་བརྡས་ཐག་གཅོད་པར་ཞུགས་པ། གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་ནང་ཞུགས་པ་ལ་སོགས་བྱས་ནས། ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ་དང་དམངས་ཆེད་འགན་འཁྲི་བསྒྲུབ་རྒྱུ་བཅས་རེད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་ཞིབ་ཕྲ་བརྗོད་ན། འཐུས་མི་དང་ཨུ་ཡོན་ནི“བརྟག་ཞིབ་པ”དང་། “གྲོས་མོལ་བྱེད་མཁན” “ལྟ་སྐུལ་བ”བཅས་ཡིན་པས། མཐར་གཏུགས་ནས་བརྗོད་ན་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་མཁན་གྱི“ཞབས་ཞུ་བ”ཡག་པོ་ཞིག་བྱེད་དགོས།