ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

འཐུས་མི་ལིན་ཧྭ་ཀྲུང་གིས་གསུངས་དོན་མཚོ་འབྲེལ་ལས་དོན་ཡག་པོ་སྒྲུབ་དགོས།

སྤེལ་དུས 2025-03-10 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  “ཉ་ལས་གྲུ་ཁར་དུས་དང་རྣམ་པ་ཀུན་ཏུ་གཙང་སྦྲ་ཡག་པོ་བྱས་ན་ཡུལ་སྐོར་བར་གཞི་ནས་ཉམས་ལེན་ཡག་པོ་ཞིག་ཡོང་ཐུབ” “མཚོ་ཟས་སྐམ་ཟོག་ཚོང་ཁང་ཁག་གིས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་དགོས” གྲོང་ཚོའི་ལས་དོན་ཁང་གི་ཚོགས་ཁང་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧྥུའུ་ཅན་ཞིང་ཆེན་ཏུང་ཧྲན་རྫོང་ཨའོ་ཅའོ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིན་ཧྭ་ཀྲུང་གིས་ལས་ཀ་བཀོད་སྒྲིག་གནང་ཞིང་། ཁོང་གིས“གྲོང་ཚོས་མཚོ་འབྲེལ་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ལས་ཀ་གང་ཞིག་ཡིན་རུང་ཧ་རི་ཧུ་རི་བྱེད་མི་རུང”ཞེས་གསུངས།
  2018ལོར་ལིན་ཧྭ་ཀྲུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་དང་། ཁོང་གིས་གྲོས་འགོ་བཏོན་པ་དང་གཙོ་ཁྲིད་གནང་བ་བརྒྱུད། གྲོང་ཚོར་མ་དངུལ་བཏང་ནས་དྲ་ཐོག་ཚོང་དོན་རིག་གནས་ཡུལ་སྐོར་ཁྲོམ་གཞུང་གཅིག་དང་། དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས། སྐྱེ་ཁམས་མཚོ་ཟས་ཉམས་ལེན་ཁང་བཅས་བསྐྲུན་པ་དང་། སྣ་མང་ཅན་གྱི་དྲ་རྒྱའི་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་བཏང་བས། ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་ལོ་གཉིས་པར་གྲོང་ཚོར་དྲ་ཐོག་ཚོང་དོན་ཁེ་ལས་100ལྷག་ཙམ་ཟིན་པ་དང་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་4ཟིན་ནས་མི་500ལྷག་ཙམ་ལས་ཞུགས་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
  “2023ལོར་ངས་ཏུང་ཧྲན་གླིང་ཕྲན་སྐོར་ལམ་གྱི་ཝུའུ་ཅའོ་དབན་ལམ་དུམ་བསྐྲུན་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་པར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་ཚད་མཐོའི་མཐོང་ཆེན་གནང་བྱུང་། 2024ལོར་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ། རྒྱ་མཚོའི་འགྲམ་གྱི་གཞུང་ལམ་བརྒྱུད་ཡུལ་ལྗོངས་ལ་ལྟ་ཆོག”ཅེས་རླངས་འཁོར་བཏང་ནས་གླིང་ཕྲན་སྐོར་ལམ་དུ་སྐྱོད་སྐབས་ལིན་ཧྭ་ཀྲུང་གིས་སྤོབས་པ་ཆེན་པོས་དེ་ལྟར་གསུངས།
  ཉེ་བའི་ལོ་ཤས་རིང་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་དམིགས་ནས། ལིན་ཧྭ་ཀྲུང་གིས་སྔ་རྗེས་སུ་རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མཚོ་ཐོག་འོད་ཤུགས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་སོགས་ཀྱི་གྲོས་འགོ་བཏོན་གནང་བར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བྱས་པ་མ་ཟད། དངོས་དངོས་རྗེན་རྗེན་གྱི་སྲིད་ཇུས་བྱེད་ཐབས་སུའང་བསྒྱུར་ཡོད། ལིན་ཧྭ་ཀྲུང་གིས“ངས་ཡུལ་མི་ཚོ་དང་མཉམ་དུ་མུ་མཐུད་རྒྱ་མཚོར་རྩ་བ་ཚུགས་པ་དང་རྒྱ་མཚོ་སྲུང་སྐྱོང་བྱས་ཏེ་མཚོ་འབྲེལ་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན”ཞེས་གསུངས།