རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ཚེས5ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་འགོ་ཚུགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་འགོ་ཚུགས་ཚོགས་འདུར་ཕེབས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཛད་སྤྱོད་བྱེད་ཤུགས་ཆེ་རུ་ཤུགས་ཆེན་གཏོང་བ་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་ནས་རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། འཛད་སྤྱོད་དང་མ་འཇོག་ཟུང་འབྲེལ་དེ་བས་ལེགས་པ་བྱ་རྒྱུར་སྐུལ་འདེད་བཏང་ནས་ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་སྟེ་ནང་མཁོ་དེ་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་དང་ཀ་རྡོ་ལྟ་བུར་འགྱུར་བ་བྱེད་དགོས་ཞེས་བཏོན་ཡོད།
འཛད་སྤྱོད་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱ་རྒྱུ་སྟེ།
དང་པོ། འཛད་སྤྱོད་བྱེད་ནུས་ཆེ་རུ་གཏོང་བ་དང་། སྤུས་ལེགས་མཁོ་སྤྲོད་མང་དུ་གཏོང་བ།འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱེད་པ་བཅས་ཀྱི་ཆེད་དོན་བྱེད་ཐབས་གཏན་འབེབས་བྱས་ནས་སྣ་མང་ཅན་དང་ཁྱད་པར་ཅན་གྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ་འཛད་སྤྱོད་ཀྱི་སྤུས་ཚད་ལེགས་སུ་དང་རིམ་པ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།
གཉིས་པ། ཐབས་ལམ་མང་པོའི་ཐོག་ནས་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཡོང་འབབ་དམའ་འབྲིང་ཚོགས་སྤྱིའི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཡང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ངལ་རྩོལ་པའི་གླ་ཕོགས་ལུགས་མཐུན་འཕར་སྣོན་ཡོང་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་པ།
གསུམ་པ། དུས་ཡུན་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར3000བཀོད་སྒྲིག་བྱས་ནས་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེས་བྱེད་པར་རྒྱབ་སྐྱོར་བྱེད་པ།
བཞི་པ། ཞུགས་འཐུས་ལྷུག་ཏུ་གཏོང་བ་དང་། ཚོད་འཛིན་ཉུང་དུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་སྟངས་ལ་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་ནས་འགོ་བརྩམས་ཏེ་བདེ་ཐང་དང་། རྒན་གསོ། བུ་བཅོལ། ཁྱིམ་ལས་སོགས་སྣ་མང་ཅན་གྱི་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ།
ལྔ་པ། འཛད་སྤྱོད་རྣམ་པ་གསར་གཏོད་དང་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲངས་འཛིན་དང་། སྦགས་མེད། རིག་ནུས་སོགས་འཛད་སྤྱོད་ཀྱི་རིགས་གསར་པ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།
དྲུག་པ། ངལ་གསོའི་ལམ་ལུགས་དོན་འཁྱོལ་དང་ལེགས་སུ་བཏང་ནས་རིག་གནས་དང་། ཡུལ་སྐོར། ལུས་རྩལ་སོགས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་འདོན་སྤེལ་བྱེད་པ།
བདུན་པ། ཁྲལ་མེད་ཚོང་ཁང་གི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁོངས་འཛུལ་བའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ།
བརྒྱད་པ། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་དང་། རྫོང་ཁོངས་ཚོང་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།
དགུ་པ། ཕྱོགས་ཡོངས་ཀྱི་འཛད་སྤྱོད་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་བ།
བཅུ་པ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་གཏོད་རྒྱུ་བཅས་རེད།