ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་ནས་འཐུས་མི་དང་ཨུ་ཡོན་ཚོ་དང་རྒྱལ་ཇུས་ལ་མཉམ་གྲོས་གནང་བ།

སྤེལ་དུས 2025-03-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འཐུས་མི་ཚོགས་པའི་གྲོས་ཞིབ་དང་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ཁག་གསུམ་ནང་ཞུགས་ནས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་རྒྱུ་དང་སློབ་གསོས་ཚན་རྩལ་དང་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་པའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ། རང་དམག་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད བདེ་བླག་ངང་མཇུག་བསྡུ་རྒྱུ་སོགས་ལ་དམིགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད།
  འཐུས་མི་དང་ཨུ་ཡོན་རྣམས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས་སྤུས་ཚད་མཐོ་བའི་འགན་སྒྲུབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།
  དཔལ་འབྱོར་ཞིང་ཆེན་ཆེན་པོ་ནི་རྒྱལ་ཡོངས་དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་བ་བྱེད་པའི་གྲུ་རྡོ་ལྟ་བུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་གནས་བབ་ཧྲིལ་པོར་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་ཡོད། བཀའ་མོལ་དེས་ཚང་མའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧུའུ་ཀྲུང་ཧུའེ་ཡིས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འཕེལ་རྒྱས་གཏོང་བའི་འགན་གཙོ་བོ་འཁུར་བའི་འགག་རྩ་ནི་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་ཁེ་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ངེས་འདེབས་འདྲི་གཞི་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ལ་མཁོ་བའི་འགག་རྩའི་ཁྱབ་ཁོངས་སུ“རྒྱལ་ཁབ་ཀྱི་སྒྲིག་ཆས་གལ་ཆེན”སྔར་ལས་མང་བ་རྒྱུན་མཐུད་ངང་བཟོ་བསྐྲུན་བྱ་དགོས་ཞེས་གསུངས་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་ཞིང་ཆེན་ཆེན་པོས་ཇི་ལྟར་བྱས་ནས་འགན་གཙོ་བོ་འཁུར་རྒྱུའི་ཐད་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ཡོད་པས། དཔལ་འབྱོར་ཞིང་ཆེན་ཆེན་པོ་ཁག་གིས་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའོ་ཝེ་ཧུང་གིས། ང་ཚོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ནང་དམ་འཛིན་བྱེད་ས་གལ་ཆེན་ཞིག་ནི། ཁེ་ལས་ཀྱིས་སྣེ་ཁྲིད་པའི་གསར་གཏོད་མཉམ་འབྲེལ་མ་ལག་ལ་བརྟེན་ནས་གྲུབ་འབྲས་བརྗེ་སྒྱུར་སྔར་བས་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་བྱེད་པ་དང་ཚན་རྩལ་དང་དཔལ་འབྱོར་རང་སོར་གནས་པའི་རྣམ་པར་འགྱུར་ལྡོག་གཏོང་དགོས་ཞེས་གསུངས་ཡོད།
  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཁྲང་ལིན་གྱིས། ཐུན་མོང་ཕྱུག་འགྱུར་ཡོང་བ་བྱེད་པའི་ཐད། ཞིང་ཆེན་འདི་དག་གིས་ད་དུང་ངོ་བོའི་རང་བཞིན་གྱི་གོམ་སྟབས་དེ་བས་ཆེ་བ་སྤོས་ནས། ཡོང་འབབ་ཀྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག ས་ཁོངས་ཀྱི་ཧེ་བག་བཅས་ཇེ་ཆུང་དུ་བཏང་སྟེ། ང་ཚོའི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བ་དང་ང་ཚོའི་མི་དམངས་ཀྱི་འཚོ་བ་དེ་བས་དྲོ་སྐྱིད་ལྡན་པ་ཡོང་བ་བྱ་དགོས་ཞེས་གསུངས་ཡོད།
  སློབ་གསོ་དར་ན་རྒྱལ་ཁབ་དར། སློབ་གསོ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ཆེ། སྲིད་གྲོས་ཀྱི་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུར་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་ལས་དོན་ལ་དམིགས་ནས་གསུང་བཤད་གལ་ཆེན་གནང་བས། ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་སི་ཅིན་གྱིས། ས་ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་སྐབས་སེམས་ནང་དྲོ་སྐྱིད་དང་ངར་ཤུགས་ཀྱིས་ཁེངས་བྱུང་། མཐོ་སློབ་ཀྱིས་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་ནང་གནས་གཏན་ཚིགས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱས་ཤིང་། “རྩེ་གྲ་གཉིས”འཛུགས་སྐྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ། གསར་གཏོད་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་པའི་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་བྱ་དགོས་ཞེས་གསུངས་ཡོད།
  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧུའུ་ཧའེ་ཅོན་གྱིས། སློབ་འབྲིང་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། སྤུས་མཐོའི་སློབ་གསོ་གོང་འཕེལ་གཏོང་བར་སློབ་མ་ལྟེ་བར་འཛིན་དགོས་པ་དང་། སློབ་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ལག་ལེན་གསར་གཏོད་ནུས་པ་ཤུགས་ཆེར་གཏོང་དགོས། དེ་དང་ཆབས་ཅིག དགེ་རྒན་གྱི་གྲངས་འཛིན་ཅན་གྱི་སློབ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། གནད་འཕིགས་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལ་བརྩེ་བ་ལྡན་ཞིང་ཚན་རྩལ་གྱི་སྙིང་སྟོབས་ལྡན་པའི་དུས་རབས་གསར་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས་ཞེས་གསུངས་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སློབ་གསོས་ཚན་རྩལ་དང་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཤེས་ལྡན་མི་སྣ་འབོར་ཆེན་ཐོན་པ་དང་། ཁྱད་རྩལ་གང་ཡོད་ངོམས་ཐུབ་པ། ཡོན་ཏན་ཇི་ཡོད་སྤྱོད་ཐུབ་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་གྲུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱེད་པར་ཐབས་ནུས་འདོན་སྤེལ་བྱ་རྒྱུ་ཡིན་པ་གསུངས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཞའོ་ཆི་ཡིས། ང་ཚོས་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལྷག་པར་དུ་སློབ་གསོས་ཚན་རྩལ་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། རྩེར་སོན་གྱི་གསར་གཏོད་ཤེས་ལྡན་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་མི་སྣ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མཐོ་སློབ་དང་ཁེ་ལས་མཉམ་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཡན་རུང་གིས། རྒྱལ་ཁབ་ཀྱི་2035ལོའི་གོང་དུ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱ་རྒྱུའི་སྤྱིའི་འཐབ་ཇུས་དམིགས་ཚད་ཀྱི་མདུན་དུ། ང་ཚོས་རྒྱལ་ཁབ་ཀྱི་གཙོ་གནད་ཚན་རྩལ་ལ་ལེགས་སྐྱེས་དེ་བས་ཆེ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།
  བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་མཐོའི་གོང་འཕེལ་གྱི་བླང་བྱ་དོན་འཁྱོལ་བྱས་ནས། རང་དམག་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་རྒྱལ་ཁའི་ངང་མཇུག་བསྡུ་དགོས་ཞེས་ནན་སྟོན་གནང་ཡོད། དུས་བཀག་ལྟར་སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བ་བྱེད་པའི་ཐད་ཚང་མར་སེམས་ཤུགས་དང་སྟོབས་ཤུགས་ཀྱིས་ཁེངས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པའེ་ཀྲུང་པིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་སྐུལ་སློང་གི་བཀའ་རྒྱ་དང་འགག་གཏོར་གྱི་བཀའ་རྒྱ་ཡིན་པས། མྱུར་ཚད་དང་སྤུས་ཚད་དང་། མ་གནས་དང་ཕན་འབྲས། ཁྱོན་ཡོངས་དང་གཙོ་གནད། གོང་འཕེལ་དང་ལྟ་འདོམས། འཆར་འགོད་ལག་བསྟར་དང་ནུས་པ་གྲུབ་པ་བཅས་ཀྱི་འབྲེལ་བ་གལ་ཆེན་ལྔ་དམ་འཛིན་ཡག་པོ་བྱས་ཏེ། འཛུགས་སྐྲུན་གྲུབ་འབྲས་ཀྱིས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་དང་དངོས་འཐབ་ཀྱི་ཚོད་བགམ་ཐེག་ཐུབ་པར་འགན་ལེན་བྱ་དགོས་ཞེས་གསུངས་ཡོད།
  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡའོ་ནན་གྱིས། སྐམ་དམག་མཁའ་སྐྱོད་དཔུང་སྡེའི་འཕུར་སྐྱོད་རྩལ་སློབ་པ་ཞིག་ཡིན་པའི་ངོས་ནས། ངས་རང་འཁྲིའི་འགན་གནས་ཐོག་གཞི་རྐང་ཚུགས་ཏེ། འབྱུང་འགྱུར་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་བྱང་ཚད་མཐོ་བའི་འཕུར་སྐྱོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཡིན། ང་ཚོར་དཀའ་ཚེགས་སྣ་ཚོགས་ཁྱད་དུ་བསད་ནས་མཐའ་མཇུག་དམག་བཙུགས་ཏེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་ལེགས་གྲུབ་ཐུབ་ངེས་ཀྱི་སེམས་ཤུགས་དང་ཆོད་སེམས་ཡོད་ཅེས་གསུངས་ཡོད།