ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དཀར་མཛེས་ཁུལ་གྱི་ཁུལ་དཔོན་གྱིས་གྲོས་འགོ་ཡག་པོ་བཞི་བཏོན་འདུག

སྤེལ་དུས 2025-03-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཧྥེང་ཧྥ་ཀུའེ་ཡིས་མི་རིགས་ས་ཁུལ་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་བརྗོད་གཞིར་དམིགས་ཤིང་།  འབྱུང་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས། ནུས་ཁུངས་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ནས་གྲོས་འགོ་བཏོན་ཏེ། མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་མངོན་པར་བྱས་ཡོད།
  འཐུས་མི་ཧྥེང་ཧྥ་ཀུའེ་ཡིས་ཕྱི་སྣོད་ཀྱི་བཀོད་པ་ལེགས། ནང་བཅུད་ཀྱི་སེམས་ཅན་བདེ་ཞེས་པའི་སྐད་ཆ་འདིའི་ཐོག་ནས་དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མཚོན་པར་བྱས་ཡོད། དཀར་མཛེས་ཁུལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཕུན་སུམ་ཚོགས་པ། ལོ་རྒྱུས་ཀྱི་རྗེས་ཤུལ་དང་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རིག་གནས་ཡུལ་སྐོར་སྦྲེལ་ཐག་ཏུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་སྡེར་སྐྱོད་པའི་ལག་ལེན་བྱ་སྤྱོད་སྤེལ་བ་བརྒྱུད། གཞུང་ཞབས་པ་ཁྲི་6.5་དང་ཁྱིམ་ཚང་ཁྲི་26་ལྷག་དབར་མཛའ་བརྩེ་ཟབ་མོ་ཆགས་ནས་ཏང་གི་དྲོ་སྐྱིད་གངས་ལྗོངས་ས་མཐོའི་ཡུལ་གྲུ་གང་སར་ཁྱབ་དུ་བཅུག་ཡོད།
  ཧྥེང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ་ནང་ཁུལ་གྱི་སྔོ་ལྗང་རི་ཆུ་ནི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྨང་གཞི་ཡིན་པ་མ་ཟད། སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་སྐྱེ་ལྡན་ཐོན་ལས་ཁྱུ་ཚོགས་བཏོད་པ་དང་།  “སྐྱེ་ལྡན་ཁུལ”གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དྭངས་གཙང་དཀར་མཛེས་ཞེས་པའི་སྤུས་རྟགས་རྒྱལ་ཡོངས་སུ་ཁྱབ་ཏུ་བཅུག་ཡོད།
  རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་།  འཐུས་མི་ཧྥེང་ཧྥ་ཀུའེ་ཡིས་འབྱུང་ཁམས་དང་སྨན་བཅོས། ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་གྲོས་འགོ་བཞི་ཕུལ་ཡོད།  ཁོང་གིས་ཁྲོམ་རྫ་གོང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་སྔར་བས་རྒྱབ་སྐྱོར་དང་སྲུང་སྐྱོང་བྱས་ཏེ། མ་དངུལ་མི་འདང་བའི་ཆར་ཁ་གསབ་བྱེད་པ་དང་། ས་ཁོངས་ལས་བརྒལ་བའི་མཉམ་སྡེབ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཁམས་སྲུང་ཡོལ་གལ་ཆེན་ལ་རྨང་གཞི་བརྟན་པོ་འདིང་དགོས་པའི་འབོད་སྐུལ་བཏང་བ་དང་། མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་དང་གླ་ཕོགས་གཟིགས་སྐྱོང་། ཁ་གཏད་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་བརྒྱུད་སྨན་བཅོས་ཤེས་ལྡན་མི་སྣའི་ཡིད་དབང་འགུག་པ་དང་དེར་སྡོད་དུ་བཅུག་ནས། སྨན་བཅོས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས་པའི་གྲོས་འགོ་བཏོན་པ།  དཀར་མཛེས་ཁུལ་གྱིས་ད་ཡོད་ཀྱི་གློག་གསོག་བསྡོམས་འབོར་མང་དུ་གཏོང་བ་དང་གློག་ཤུགས་བགྲོད་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ས་གནས་དེ་གའི་གློག་སྤྱོད་བགོ་བྱའི་བཅད་འབོར་མང་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་རིམ་པའི་གློག་དྲ་འཛུགས་སྐྲུན་ཐད་མ་དངུལ་གཏོང་བར་བརྩོན་ལེན་བྱེད་པ་དང་། དཀར་མཛེས་ཀྱིས་སྔོ་ལྗང་རི་ཆུ་དེ་དམངས་ཕྱུག་ཁུལ་དར་གྱི་གསེར་རི་དངུལ་རིར་བསྒྱུར་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད།