ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཡའོ་མིང་གི་གྲོས་འགོ་འདིར་ཁྱིམ་བདག་མང་པོའི་དགའ་བསུ་ཐོབ།

སྤེལ་དུས 2025-03-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡའོ་མིང་གིས། ནར་མ་སོན་པའི་མིའི་“ཆུ་ཚོད་24ལ་འཆར་ངོས་གཟིམ་པའི་”བྱ་སྤྱོད་དང་སློབ་རའི་“སྤོ་ལོ་ཆེན་པོ་གསུམ་”ལ་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ་བཏོན་པར་དྲ་གྲོགས་རྣམས་ཀྱི་དོ་ཁུར་ཐོབ་ཡོད། ཚེས་7ཉིན་ཡའོ་མིང་གིས་སྤྱི་ཁྱབ་ལས་ཁུངས་ཀྱི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། གྲོས་འགོ་དེ་གཉིས་ལ་གསལ་འགྲེལ་གནང་ཡོད། 
  ཡའོ་མིང་གིས་གཞོན་ནུ་ལོ་ཆུང་གི“ཆུ་ཚོད་24རིང་འཆར་ངོས་གཟིམ་པའི”བྱ་སྤྱོད་སྤེལ་རྒྱུའི་གྲོས་འགོ་བཏོན། 
  ཡའོ་མིང་གིས། གྲོས་གཞི་ཞིག་བཏོན་ནས་ཁྱིམ་བདག་དང་སློབ་གྲྭ་གཉིས་ཀ་དེའི་ཁྲོད་ཞུགས་སུ་འཇུག་པ་སྟེ། སློབ་སྐབས་རེར་ཉིན་གཅིག་བདམས་ནས། ཆུ་ཚོད་24ཡི་རིང་མི་ཚང་མས་ཁ་པར་མི་སྤྱོད་རྒྱུ་དེ་ཡིན། ཉིན་དེར་བྱིས་པ་རྣམས་ལ་དངོས་ཡོད་འཇིག་རྟེན་མྱོང་རོལ་བྱེད་དུ་འཇུག་དགོས། “དེ་ནི་ཆུང་དུས་ཀྱི་དཔྱིད་འཆམ་དང་སྟོན་འཆམ་དང་འདྲ་ཞིང་། སྔོན་ཆད་བྱིས་པ་རྣམས་སློབ་ཁྲིད་ཀྱི་ཁོར་ཡུག་ལས་འབྲལ་དུ་བཅུག་པ་ཡིན་ལ། ད་ལྟ་བྱིས་པ་རྣམས་གློག་རྡུལ་ཅན་གྱི་ཁོར་ཡུག་ལས་འབྲལ་དུ་འཇུག་དགོས། ”
  ཡའོ་མིང་གིས་ངོ་སྤྲོད་གནང་བར། པེ་ཅིང་ཡའོ་ཐེབས་རྩའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་སྐྱོང་བྱས་པའི《ནར་མ་སོན་པའི་མིས་གློག་རྡུལ་ཐོན་རྫས་སྤྱོད་པ་དང་འབྲེལ་ཡོད་རྣམ་འགྱུར་སྐོར》གྱི་བརྟག་དཔྱད་མཇུག་འབྲས་ལས་མངོན་གསལ། ནུས་ལྡན་འདྲི་ཤོག་16834ཡི་ཁྲོད། མི་ཚོགས78.2%ཀྱིས་རང་ཉིད་ཀྱིས་འཆར་ངོས་ཡོད་པའི་གློག་རྡུལ་ཐོན་རྫས་བེད་སྤྱོད་པའི་དུས་ཚོད་ཇེ་ཉུང་དུ་གཏོང་རྒྱུའི་རེ་བ་ཡོད་པ་དང་། དགེ་རྒན་གྱི་ཚོགས་སྤྱི་83.7%གྱིས་སློབ་མས་འཆར་ངོས་ཡོད་པའི་གློག་རྡུལ་ཐོན་རྫས་བེད་སྤྱོད་ཚད་ཇེ་ཉུང་དུ་གཏོང་བར་མོས་མཐུན་ཡོད། ཁྱིམ་བདག་83.7%གྱིས་བྱིས་པས་འཆར་ངོས་ཡོད་པའི་གློག་རྡུལ་ཐོན་རྫས་བེད་སྤྱོད་ཚད་མང་དྲགས་པར་སེམས་ཁྲལ་བྱེད་བཞིན་ཡོད། 
  ཡའོ་མིང་གིས། དེང་སྐབས་མི་ཚང་མར་ངོས་འཛིན་གཅིག་མཐུན་བྱུང་བ་ཞིག་ནི། བྱིས་པ་རྣམས་ཀྱིས་ཁ་པར་སྤྱོད་པའི་དུས་ཡུན་རིང་དྲགས་པ་དེ་ཡིན། བྱིས་པ་དང་བྱིས་པའི་བར་རམ། ཡང་ན་བྱིས་པ་དང་ཁྱིམ་བདག་བར་དུ་འབྲེལ་འདྲིས་བྱེད་པའི་དུས་ཚོད་ཧ་ཅང་ཉུང་། དེ་ནི་བྱིས་པའི་གནད་དོན་ཁོ་ན་མ་ཡིན་པར། དོན་དངོས་སུ་ཁྱིམ་བདག་གིས་ཀྱང་རྟག་ཏུ་ལག་ལ་ཁ་པར་བཟུང་ཡོད་ཅེས་བརྗོད་པ་རེད། 
  ཡའོ་མིང་གིས“2010ལོའི་རྗེས་སུ་སྐྱེས་པའི་བྱིས་པ་རྣམས་མཉམ་འབྲེལ་དྲ་རྒྱའི་དུས་རབས་སུ་གནས་ཤིང་། ཁོང་ཚོར་ཁོར་ཡུག་མི་འདྲ་བར་བསྡུར་བ་བྱེད་པའི་གོ་སྐབས་མེད། གློག་རྡུལ་ཅན་དང་། གློག་རྡུལ་འཆར་ངོས་ལ་ཡོད་པའི་རིན་ཐང་ཁས་མ་བླངས་པ་གཏན་ནས་མིན། དངོས་ཡོད་འཇིག་རྟེན་དང་གློག་རྡུལ་འཇིག་རྟེན་ལ་སོ་སོའི་དགེ་མཚན་ལྡན་”ཞེས་བཤད།
  གྲོས་འགོའི་ནང་དུ་ཡའོ་མིང་གིས་ད་དུང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་བཟུང་ཡོད་དེ། དཔེར་ན་འཇར་པན་གྱི་“འཆར་ངོས་མེད་པའི་ཉིན་མོའི”བྱེད་སྒོས་སློབ་མ་དང་ཁྱིམ་ཚང་གློག་རྡུལ་སྒྲིག་ཆས་དང་རིང་དུ་གྱེས་ནས། དཔེ་ཀློག་དང་རྩལ་སྦྱོང་ལ་བློ་རྩེ་གཏོད་པ་དང་། རང་བྱུང་ཁམས་དང་ཉེ་བར་བཅར་བ་བཅས་ཀྱི་འབོད་སྐུལ་གཏོང་བཞིན་ཡོད། རྒྱལ་སྤྱིའི་ལག་ལེན་འདི་དག་ལས་གྲངས་འཛིན་ཐོན་རྫས་ལས་བྱུང་བའི་འགྲན་སློང་གི་མདུན་དུ། རྒྱལ་ཁབ་ཁག་གིས་བང་རིམ་མང་བ་དང་རྣམ་པ་མང་བའི་ཐེ་གཏོགས་བྱ་ཐབས་བརྒྱུད། གྲངས་འཛིན་དོ་སྙོམས་ཀྱི་བགྲོད་ལམ་ཞིག་ཧུར་ཐག་ངང་འཚོལ་ཞིབ་བྱེད་བཞིན་པ་གསལ་བོར་བསྟན་ཡོད། 
  “བྱིས་པ་རྣམས་ལ་རང་བདག་ངང་དགའ་ཕྱོགས་གདམ་པའི་གོ་སྐབས་སྦྱིན་དགོས།”
  ཡའོ་མིང་གི་གྲོས་འགོ་གཉིས་པ་ནི《སློབ་རའི“སྤོ་ལོ་ཆེན་པོ་གསུམ”གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས》ཞེས་པ་ཡིན་ཏེ། སློབ་རའི་འགྲན་བསྡུར་མ་ལག་འཐུས་ཚང་དུ་བཏང་ནས། སློབ་རའི“སྤོ་ལོ་ཆེན་པོ་གསུམ”གྱི་འགྲན་བསྡུར་གྱི་འགྲན་ཞུགས་ཐོབ་ཐང་དང་འགྲན་སྲོལ་གཅིག་གྱུར་བྱ་དགོས་པ་ནན་སྟོན་གནང་ཡོད། 
  ཡའོ་མིང་གིས། སློབ་གྲྭའི་ནང་དུ་སྤེལ་བཞིན་པ་ནི་ལུས་རྩལ་སློབ་ཁྲིད་ཡིན་པ་དང་། སློབ་གྲྭའི་ཕྱི་རུ་རྩ་འཛུགས་བྱེད་པ་ནི་འགྲན་བསྡུར་ཡིན། ལུས་རྩལ་སློབ་ཁྲིད་ཀྱི་བྱེད་ནུས་ནི་སློབ་མར་རྨང་གཞིའི་རྩལ་ནུས་འཁྲིད་པ་ཡིན་ཞིང་། དེ་ནི་ཡི་གེའི་འབྲི་སྟངས་ཐོག་མར་སློབ་མཁན་ཞིག་ཡིན་ན། སྔོན་ལ་ངེས་པར་དུ་སྨྱུག་རིམ་སྦྱོང་དགོས་པ་ནང་བཞིན་རེད། ལུས་རྩལ་འགྲན་བསྡུར་ནི་རྒྱ་ཡིག་འབྲི་ཤེས་རྗེས་ཡི་གེ་རྣམས་ལྷན་དུ་བསྡེབས་ནས་རྩོམ་ཡིག་ཅིག་འབྲི་བ་དང་མཚུངས་ཞེས་གསལ་འགྲེལ་གནང་། 
  ཡའོ་མིང་གིས་སློབ་གྲྭས་སློབ་རའི་ལུས་རྩལ་བྱེད་སྒོ་མང་དུ་སྤེལ་ན་འགྲིག་ལ།  བྱིས་པ་རྣམས་ལ་སློབ་སྦྱོང་གི་ཞོར་དུ་རང་བདག་ངང་དགའ་ཕྱོགས་གདམ་པའི་གོ་སྐབས་བསྐྲུན་ནས། རང་སྟེང་གི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱས་ཏེ། ཕུལ་བྱུང་གི་མངོན་མེད་འཇོན་མི་ཞིག་ཏུ་འཚར་ལོངས་འབྱུང་རོགས་བྱེད་དགོས་པའི་ངོས་འཛིན་གནང་ཡོད།