ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྤྱི་བདེ་པུའུ་ཡིས་རྒྱལ་ཁའི་འབྲས་བཟང་གསར་ཤོས་ཁྱབ་བསྒྲགས་བྱས་འདུག

སྤེལ་དུས 2025-03-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ཉེ་ཆར། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་གཙང་གླས་གནམ་གྲུ་མང་པོ་ཅང་སུའུ་ནན་ཅིང་དང་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ་བབས་པ་དང་བསྟུན་ནས། འབར་མའི་མའོ་ཝ་ཏི་ས་ཁུལ་གྱི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ཁ་བསླུས་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན2255རང་རྒྱལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཐེ་ལན་བརྒྱུད་རྒྱལ་ནང་དུ་ལྟ་སྐྱེལ་བྱས་ཤིང་། ཟླ2པའི་ཚེས20ཉིན། ཀྲུང་གོ་དང་། འབར་མ། ཐེ་ལན་བཅས་ཀྱིས་འབར་མའི་མའོ་ཝ་ཏི་ས་ཁུལ་གྱི་ཁ་བསླུས་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་ཕྱིར་ལོག་ལྟ་སྐྱེལ་གྱི་ལས་དོན་མཉམ་འབྲེལ་ཐོག་སྤེལ་ཚུན། རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ཁ་བསླུས་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་ཁྱོན2876རྒྱལ་ནང་དུ་ལྟ་སྐྱེལ་བྱས།

      ད་ལོའི་ཚུན་ལ། མིག་སྔར་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་འབྲེལ་བ་ཡོད་པའི་འབར་མའི་མའོ་ཝ་ཏི་ས་ཁུལ་གྱི་ཛ་དྲག་དུས་བབ་ལ་དམིགས་ནས། ཀྲུང་གོ་དང་། འབར་མ། ཐེ་ལན་བཅས་རྒྱལ་ཁབ་གསུམ་གྱི་ཉེན་རྟོག་ཕྱོགས་ཀྱིས་དངོས་སྒྲུབ་ཁྲིམས་སྒྱུར་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། ལམ་སྲོལ་འཛུགས་པ་དང་། ཐབས་ལམ་བཅད་པ། ནག་ཚང་གཏོར་བ་བཅས་བྱས་ཏེ་ས་ཁུལ་དེའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ནག་ཉེས་གནས་ས་དང་མཆེད་སའི་བར་སྟོང་ཇེ་ཆུང་དུ་བཏང་ཡོད། ཟླ2པའི་ཚེས20ཉིན་ནས་བཟུང་། སྤྱི་བདེ་པུའུ་ཡིས་ཅང་སུའུ་དང་ཧྲང་ཧའེ་སོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་གཅིག་རྗེས་གཉིས་མཐུད་ངང་སྒྲིག་འཛུགས་བྱས་ཏེ། འབར་མ་ནས་ཀྲུང་གོའི་ཕྱོགས་ལ་ཕྱིར་སྐྱེལ་བྱས་པའི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ཁ་བསླུས་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན2876ཐེ་ལན་བརྒྱུད་ཁག་ཐེངས་དབྱེ་ནས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་ཏེ། ཕྱི་རྒྱལ་གྱི་རང་རྒྱལ་དང་འབྲེལ་བ་ཡོད་པའི་ནག་ཉེས་ཚོགས་པར་ཟིལ་གནོན་ཆེན་པོ་ཞིག་སྤྲད་ཡོད། མིག་སྔར་སྤྱི་བདེ་པུའུ་ཡིས་ཅང་སུའུ་དང་ཧྲང་ཧའེ་ཡི་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་མྱུལ་ཞིབ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་རྒྱུའི་བཀོད་སྒྲིག་བྱས། 

      སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། སྤྱི་བདེ་ལས་ཁུངས་ཀྱིས་ཆོད་སེམས་དང་ཤུགས་ཚད་དེ་བས་ཆེ་བའི་སྒོ་ནས་རྒྱལ་སྤྱིའི་ཁྲིམས་སྒྱུར་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། མཉམ་འབྲེལ་རྡུང་རྡེག་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནག་ཉེས་ཀྱི་ནག་ཚང་མཐའ་གཅིག་ཏུ་མེད་པ་བཟོ་བ། དོགས་ཡོད་ཉེས་ཅན་ནུས་ཤུགས་ཡོད་རྒུས་འཛིན་བཟུང་བཅས་བྱས་ཏེ། ཀྲུང་གོའི་སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད། སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་མང་ཚོགས་ཚོས་ངེས་པར་དུ་དོགས་ཟོན་ཆེ་རུ་བྱས་ནས་བདེ་འཇགས་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་གྱི་གླ་ཆ་མཐོ་བའི་ལས་མི་འཚོལ་བསྡུ་དང་ཞོར་ལས་ལ་བསྐྱོད་རྒྱུའི་ཆ་འཕྲིན་ལ་རང་དགར་ཡིད་ཆེས་བྱེད་མི་རུང་བ་དང་། ཁྲིམས་འགལ་ནག་ཉེས་ཀྱི་དྲ་བར་མི་ཚུད་པ་བྱེད་དགོས།