ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ས་གནས་ཁག་གིས་དཔྱིད་རྨོད་ཐོན་སྐྱེད་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

འདི་ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་6400ལྷག་ཙམ་ཟིན་པ།

སྤེལ་དུས 2025-03-24 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་3པའི་ཟླ་དཀྱིལ་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་6400ལྷག་ཙམ་ཟིན་ནས་ཞིང་ཆེན་16ལ་ཆུ་འདྲེན་འགོ་ཚུགས་པའི་ནང་འདྲེན་ཁུལ་ཆེ་འབྲིང་1400ལྷག་ཙམ་ལ་ཆུ་འདྲེན་འགོ་ཚུགས་ཡོད་པ་རེད། རྒྱལ་ཡོངས་ཀྱི་གཙོ་གནད་ཆུ་མཛོད་9520ཡི་ཆུ་གསོག་ཚད་བསྡོམས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་485ཟིན་པ་དེ་དེ་སྔའི་དུས་མཚུངས་ལས་བཅུ་ཆ་གཅིག་ཙམ་མང་དུ་ཕྱིན་ནས་དཔྱིད་དུས་ཞིང་ཆུ་འདྲེན་པའི་དགོས་མཁོ་འགན་ལེན་ནུས་ལྡན་ཐུབ་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་གནད་སྨིན་བཀོད་གཏོང་བྱས་ནས་དཔྱིད་དུས་ཞིང་ཆུ་འདྲེན་པར་འགན་ལེན་བྱས་ཏེ་དཔྱིད་རྨོད་ཀྱི་ཐོན་སྐྱེད་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།
            ཆུ་བེད་སྡེ་ཚན་གྱིས་ཞིང་ཆུ་འདྲེན་པའི་ཚོད་ལྟའི་གྲུབ་འབྲས་བཀོལ་སྤྱོད་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་སུ་ཞིང་ཆུ་འདྲེན་པའི་ཚོད་ལྟའི་ས་ཚིགས་152བསྐྲུན་པ་དང་ཚོད་ལྟའི་ལྟ་ཞིབ་ཚད་ལེན་གྲུབ་འབྲས་ཀྱིས་ཞིང་ཆུ་འདྲེན་པའི་ལམ་ལུགས་དང་ཞིང་ཆུ་འདྲེན་པའི་ཆུ་སྤྱོད་ཀྱི་བཅད་གྲངས་ལེགས་སུ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་མི་མེད་གནམ་གྲུས་ཆུ་ཡུར་ལ་སྐོར་གཡེང་དང་རྒྱང་ཁྲིད་ནས་ཆུ་ཚད་འཇལ་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་ནས་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ཡོད།
            2024ལོར་རྒྱལ་ཁབ་ཀྱི་ཆུ་དྲའི་གཙོ་གནད་ལས་གྲྭ་41གསར་དུ་བསྐྲུན་པ་དང་ཆུ་མཛོད་481དང་། གསར་དུ་བསྐྲུན་པའི་འདྲེན་ཁུལ་ཆེ་གྲས་7འཛུགས་སྐྲུན། འདྲེན་ཁུལ་1342དེང་རབས་ཅན་གྱི་སྒྱུར་བཀོད་བཅས་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་། བསྐྲུན་ཟིན་རྗེས་འདྲེན་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི་7000ཙམ་སླར་གསོ་དང་ལེགས་བཅོས་ཐུབ་རྒྱུ་རེད། མིག་སྔར། ཆུ་བེད་པུས་ས་གནས་ལ་ཆུ་བེད་ཁྱབ་ཁོངས་ཀྱི“གཙོ་གནད་གཉིས”ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱེད་བཞིན་ཡོད་པ་དང་འདྲེན་ཁུལ་ཆེ་འབྲིང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་དང་སྒྱུར་བཀོད་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།