ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ།

སྤེལ་དུས 2025-04-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       ཀྲུང་གོ་མི་བཞུགས་མཁའ་འགྲུལ་ལས་གྲྭའི་གཞུང་དོན་ཁང་གི་གནས་ཚུལ་ལ་གཞིགས་ན། པེ་ཅིང་གི་དུས་ཚོད་སྤྱི་ལོ་2025ལོའི་ཟླ་4ཚེས་24ཉིན་གྱི་ཆུ་ཚོད་17དང་སྐར་མ་17ཐོག ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་འཁྱེར་བའི་རྒྱང་སྐྱོད་གཉིས་པ་རྟགས་ཅན་རྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་Fཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་དང་། སྐར་མ་10ཙམ་གྱི་རྗེས་ལ་ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བྲལ་ནས་སྔོན་ཚུད་ནས་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་སླེབས་ཡོད། མིག་སྔར། མཁའ་སྐྱོད་པ་ཚོ་གཟུགས་པོ་མི་བདེ་བ་མེད་ཅིང་། འཕེན་གཏོང་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
       འཕུར་གྲུ་འཁོར་ལམ་ཐོག་སླེབས་རྗེས། སྔོན་ཚུད་ནས་གཏན་འཁེལ་བྱས་པའི་བརྒྱུད་རིམ་ལྟར་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་དང་རང་བདག་སྦྲེལ་མཐུད་བྱ་རྒྱུ་ཡིན་པ་དང་། འཁོར་ལམ་ཐོག་ལྷ་གྲུ་ཨང་ཉི་ཤུ་པའི་མཁའ་སྐྱོད་པས་ལྷ་གྲུ་ཨང་བཅུ་དགུ་པའི་མཁའ་སྐྱོད་པ་བརྗེ་ལེན་བྱ་རྒྱུ་རེད།
 
       ད་ཐེངས་ནི་རང་རྒྱལ་གྱི་མི་བཞུགས་མཁའ་འགྲུལ་ལས་གྲྭའི་བར་སྣང་ས་ཚིགས་བཀོལ་སྤྱོད་དང་འཕེལ་རྒྱས་དུས་མཚམས་ཀྱི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་ཐེངས་ལྔ་པ་དེ་ཡིན་པ་དང་། ལས་གྲྭ་འགོ་ཚུགས་ནས་ལག་བསྟར་བྱས་ཚུན་གྱི་འཕེན་གཏོང་ལས་འགན་སྒྲུབ་ཐེངས་35པ་རེད། མིག་སྔའི་བར་རང་རྒྱལ་གྱི་མཁའ་སྐྱོད་པ་26གིས་བར་སྣང་ཁམས་སུ་འཕུར་སྐྱོད་ལས་འགན་སྒྲུབ་པར་མི་ཐེངས་41བསྐྱོད་ཡོད།
       མིག་སྔར། བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་སྦྲེལ་མཐུད་འཁོར་ལམ་ཐོག་སླེབས་ཡོད་པ་དང་། ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་དང་སྦྲེལ་མཐུད་བྱེད་པ་དང་། མཁའ་སྐྱོད་པ་བཅའ་སྡོད་བྱེད་པའི་ཆ་རྐྱེན་འཛོམས་ཡོད།