སློབ་མས་ཞིབ་བཟོ་བྱས་པའི་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས།
སྤེལ་དུས 2025-06-04
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
“ཁུག་རྟ་དང་པོ”རྟགས་ཅན་ནི་རང་རྒྱལ་གྱི་སློབ་འབྲིང་སློབ་མས་ཞིབ་བཟོ་བྱས་པའི་སྤྱི་ལེ10རིམ་པའི་གནམ་གཤིས་མཁའ་དཔྱད་མེ་ཤུགས་འཕུར་མདའ་ཐོག་མ་དེ་ཡིན་ཞིང་། ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད15དང་སྐར་མ09དང་སྐར་ཆ15ཡི་ཐོག་མེ་ཤུགས་འཕུར་མདའ་འཕེན་གཏོང་ཡུལ་དངོས་ཀྱི་སྤྱི་ཁྱབ་བཀོད་འདོམས་པའི་ལྡོག་རྩིས་མཇུག་འགྲིལ་བ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ནེ་གྲོང་ཁྱེར་འཁྱགས་མཚོ་ཚོད་ལྟ་ཁང་དུ་འཕེན་གཏོང་བྱས་ཡོད། སྐར་མ་གཅིག་གི་རྗེས་སུ་རྒྱང་འཇལ་གྲངས་གཞི་ལས་མངོན་པ་ལྟར་ན། མེ་ཤུགས་འཕུར་མདའི་འཕུར་སྐྱོད་མཐོ་ཚད་མཐོ་ཤོས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི10555ཟིན་པ་དང་། ས་ངོས་བསྡུ་ལེན་ས་ཚིགས་ལ་འཆར་གཞི་ལྟར་འཚོལ་བསྡུ་བྱས་པའི་གནམ་གཤིས་གྲངས་གཞི་གྲུབ་འབྲས་ཐོབ་པའི་ངང་འབྱོར་བ་དེའི་ཐོག་ནས་རང་རྒྱལ་གྱི་སྤྱི་ལེ10རིམ་པའི་སློབ་འབྲིང་སློབ་མའི་གནམ་གཤིས་མཁའ་དཔྱད་མེ་ཤུགས་འཕུར་མདའ་ཐོག་མ་དེ་འཕེན་གཏོང་ལེགས་གྲུབ་བྱུང་བ་མཚོན་ཡོད།

མེ་ཤུགས་འཕུར་མདའ་དེའི་རིང་ཚད་ལ་སྨི1.52ཡོད་པ་དང་འཕུར་སྐྱོད་མཐོ་ཚད8kmཡན་ལ་སླེབས་ཐུབ། འཕུར་སྐྱོད་མྱུར་ཚད་མགྱོགས་ཤོས་ནི་མཱ་ཧེ2ཙམ་ཡིན་པ་སྟེ་སྒྲའི་མྱུར་ཚད་ཀྱི་ལྡབ2ཡིན། 2024ལོའི་ཟླ6པའི་ཚེས26ཉིན་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག ཀོང་ཏུང་དང་པེ་ཅིང་། ཧོ་པེ། ཧྲན་ཏུང་སོགས་ནས་ཡོང་བའི་མཁའ་སྐྱོད་ལ་དགའ་པོ་བྱེད་པའི་སློབ་འབྲིང་སློབ་མས“ཁུག་རྟ་དང་པོ”རྟགས་ཅན་ཞིབ་འཇུག་དང་གསར་བཟོའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ཁོང་ཚོས་ཐོག་མར་པེ་ཅིང་དུ་གཅིག་སྡུད་སློབ་སྦྱོང་དང་ཇུས་གཞི་རིགས་པས་ཁུངས་འདེད། ཇུས་འགོད་བཅས་བྱས་པ་དང་། དེ་རྗེས་རང་སོ་སོའི་སློབ་གྲྭར་ལོག་ནས་སློབ་གསེང་གི་དུས་ཚོད་སྤྱད་དེ་མུ་མཐུད་ཞིབ་འཇུག་དང་གསར་བཟོ་བྱས་པ་རེད། ལོ་གཅིག་ལ་ཉེ་བའི་འབད་བརྩོན་བྱས་པ་བརྒྱུད་མ་ལག་རང་བཞིན་གྱི་སྒོ་ནས་མེ་ཤུགས་འཕུར་མདའི་ཇུས་འགོད་དང་ཚོད་ལྟ། ལས་སྣོན། འདུས་སྒྲིག སྒྲིག་སྦྱོར། ཚད་ལེན་ཚོད་ལྟ་བཅས་ཀྱི་ལས་འགན་ལེགས་གྲུབ་བྱུང་བ་དང་། ད་ལོའི་ཟླ5པའི་ཚེས13ཉིན“ཁུག་རྟ་དང་པོ”རྟགས་ཅན་གྱི་གནམ་གཤིས་མཁའ་དཔྱད་མེ་ཤུགས་འཕུར་མདའ་མཐའ་མའི་འཕེན་གཏོང་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད།

ད་ཐེངས“ཁུག་རྟ་དང་པོ”རྟགས་ཅན་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ་དེས་ཀྲུང་གོའི་གཞོན་ནུ་ལོ་ཆུང་གིས་བློ་སྟོབས་ཆེན་པོས་ཡར་རྒྱས་ཡོང་བ་དང་འཚོལ་ཞིབ་གསར་གཏོད་ཀྱི་སྙིང་སྟོབས་མངོན་པར་མ་ཟད། གཞོན་ནུ་སློབ་མ་དེ་བས་མང་བ་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ནང་ཞུགས་པའི་སྤྲོ་སེམས་སྐུལ་སློང་བྱས་ནས་རང་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་གོང་འཕེལ་གཏོང་ཆེད་ཕུལ་བྱུང་གི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཡོད།