ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་འདིར། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འཁྲབ་སྟོན་བྱེད་སྒོས་མང་ཚོགས་ཚོའི་གུང་གསེང་རིང་གི་རིག་གནས་དགོས་མཁོ་སྐོང་བ་མ་ཟད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དེ་བས་མང་བ་མཁོ་འདོན་བྱས་ཡོད།
གུང་གསེང་རིང་གི་འཁྲབ་སྟོན་བྱེད་སྒོས་རིག་གནས་ཡུལ་སྐོར་དང་བཟའ་བཏུང་། འགྲིམ་འགྲུལ། ཞག་སྡོད་བཅས་ཐད་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་མངོན་གསལ་དོད་པོ་ཐུབ་ཡོད། པེ་ཅིང་སྒྱུ་རྩལ་ལྟེ་གནས་སུ “གྲོང་ཁྱེར་ལྗང་སྙིང་ནགས་ཚལ་རོལ་དབྱངས་གཟའ་འཁོར”སྐབས་དང་པོ་གཉེར་འགོ་ཚུགས་ཤིང་། མངོན་མིན་རིག་གནས་ཀྱི་ཐོན་རྫས་དང་ཞིམ་ཟས་ཉམས་ལེན་ཟུང་འབྲེལ་བྱས་པའི་ཁྲོམ་རས་རོལ་དབྱངས་ལ་དགའ་པོ་བྱེད་མཁན་ཚོའི་ཡིད་དབང་བཀུག་ཡོད།
ཁྲང་ཤིན་ཏེན་ཁྲོམ་གཞུང་དུ་བྱིས་པའི་འཁྲབ་སྟོན་དང་གནའ་བོའི་གྲོང་རྡལ་ཁྲོམ་གཞུང་གཉིས་མཉམ་འདྲེས་བྱེད་པའི་རྣམ་པ་དེས་གུང་གསེང་རིང་གི་རིག་གནས་འཁྲབ་སྟོན་ལ་གསོན་ཤུགས་ཤིག་བསྣན་ཡོད།
ཅང་སུའུ་རུ་རིག་རྩལ་ལ་དགའ་པོ་བྱེད་མཁན་གཞོན་ནུ་ཚོས་གསར་རྩོམ་བྱས་པའི་ཁོར་ཡུག་ཞབས་བྲོ་དང་གནའ་ཉམས་དོད་པའི་གྱེར་འདོན་བྱེད་སྒོ་སོགས་རིག་རྩལ་འཁྲབ་སྟོན་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་དམངས་སྲོལ་ཉམས་ལེན་གཉིས་ཟུང་འབྲེལ་ཡག་པོ་བྱུང་ནས། གྲོང་གསེབ་ཀྱི་རིག་གནས་འཛད་སྤྱོད་ལ་སྲོལ་རྒྱུན་དང་དར་སྲོལ་གསར་པ་མཉམ་འདྲེས་ཀྱི་གསོན་ཤུགས་གསར་པ་བསྣན་ཡོད།
ཧུའུ་ནན་དུ་འཁྲབ་སྟོན་ཆེ་གྲས་《སྨྱུག་མཚོའི་འཕྲུལ་སྣང་》ཞེས་པ་དེས་ཆུས་ཡོན་གྱི་གཏམ་རྒྱུད་དང་སྙན་ངག་སོགས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་རྒྱབ་ལྗོངས་སུ་བྱས་ཏེ། བརྡ་ཚང་བརྙན་སྟོན་དང་གྲངས་འཛིན་ཚོད་འཛིན་སྒྲིག་ཆས་སོགས་སྔོན་ཐོན་ལག་རྩལ་བཀོལ་སྤྱོད་བྱས་ནས། ཁྲུའུ་ཡི་ཉམས་འགྱུར་ལྡན་པའི་གནའ་རབས་སྙན་ངག་གི་མཛེས་པ་ལྟད་མོ་བ་ཚོའི་སྤྱན་ལམ་དུ་བཤམས་ཡོད།
འཁྲབ་སྟོན་ཆེ་གྲས་དེ་སྟོན་འགོ་ཚུགས་པ་ནས་ད་བར། ཟློས་གར་ཁང་གིས་ཆ་སྙོམས་བྱས་ན་ཉིན་རེར་ཡུལ་སྐོར་བ་སྟོང་ལྷག་ཙམ་སྣེ་ལེན་བྱས་ཤིང་། ས་གནས་དེ་གའི་ཡུལ་སྐོར་ཡོང་འབབ་དུས་མཚུངས་ལས20%ཡན་འཕར་བར་སྐུལ་ཁྲིད་བྱས་ཡོད། འཁྲབ་སྟོན་ལེགས་འགྲུབ་བྱུང་བ་དང་བསྟུན། ས་གནས་དེ་གས་ད་དུང“ཆུས་ཡོན་དང་མཉམ་དུ་ཐའོ་ཅང་གཙང་པོའི་ཡུལ་ལྗོངས་ལ་རོལ”ཞེས་པའི་མཛེས་ལྗོངས་ཁུལ་མང་པོ་གཅིག་ཏུ་སྦྲེལ་བའི་བརྗོད་དོན་གཙོ་བོའི་ལྗོངས་རྒྱུའི་ལམ་ཐིག་གསར་པ་བཟོས་ནས། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་བྱས་ཡོད།