ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞིང་ཆེན་29ཡིས་མཐོ་རྒྱུཊ་ཀྱི་རྣམ་པ་གསར་པ་དངོས་སུ་ལག་བསྟར་བྱས་འདུག

སྤེལ་དུས 2025-06-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དེ་རིང་ནས་གཏོང་འགོ་ཚུགས་ཡོད། སློབ་གསོ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ནང་ཞུགས་པར་མིང་ཐོ་བཀོད་པའི་མི་གྲངས་ཁྲི་1335ཟིན་འདུག
     ཧྲན་ཞི་དང་ཧོ་ནན་སོགས་ཁག་ལྔ་པའི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ལག་བསྟར་བྱེད་མཁན་ཞིང་ལྗོངས་དང་གྲོང་ཁྱེར་བརྒྱད་ཀྱིས་དངོས་སུ་ཡིག་རྒྱུགས་གཏོང་འགོ་ཚུགས་པ་དང་བསྟུན་ནས། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་29ཡིས་མཐོ་རྒྱུགས་ཀྱི་རྣམ་པ་གསར་པ་ལག་བསྟར་བྱས་ཡོད་པ་རེད།
     ཁག་ལྔ་པའི་མཐོ་རྒྱུགས་ཕྱོགས་བསྡུས་བསྒྱུར་བཅོས་ཀྱི་ཞིང་ཆེན་གྲས་སུ། ཧྲན་ཞི་དང་། ཧོ་ནན། ཧྲའན་ཞི། ནང་སོག སི་ཁྲོན། ཡུན་ནན། ཉིང་ཞ།མཚོ་སྔོན་སོགས་ཞིང་ཆེན་བརྒྱད་ཚང་མས“3+1+2”ཀྱི་རྣམ་པ་སྤྱད་ཡོད་པ་སྟེ། “3”ནི་རྒྱ་ཡིག་དང་། རྩིས་རིག ཕྱི་སྐད་བཅས་གཅིག་གྱུར་གྱི་མཐོ་རྒྱུགས་རིག་ཚན་གསུམ་ཡིན། “1”ནི་ཐོག་མར་བདམས་པའི་རིག་ཚན་ཡིན་ཞིང་། རྒྱུགས་ལེན་སློབ་མས་ངེས་པར་དུ་དངོས་ཁམས་དང་ལོ་རྒྱུས་རིག་ཚན་གཉིས་ལས་གཅིག་བདམས་ཏེ་ཐོག་མར་འདེམས་པའི་རྒྱུགས་ལེན་རིག་ཚན་ལ་བརྩི་དགོས། “2”ནི་བསྐྱར་འདེམས་རིག་ཚན་ཡིན་ཞིང་། རྒྱུགས་ལེན་སློབ་མས་རྫས་འགྱུར་དང་། སྐྱེ་དངོས། བསམ་བློ་ཆབ་སྲིད། ས་ཁམས་བཅས་རིག་ཚན་བཞི་ལས་རིག་ཚན་2བདམས་ཏེ་བསྐྱར་འདེམས་རྒྱུགས་ལེན་རིག་ཚན་དུ་བརྩི་ཆོག
     ཁག་ལྔ་པའི་མཐོ་རྒྱུགས་ཕྱོགས་བསྡུས་བསྒྱུར་བཅོས་ཞིང་ཆེན་གྱི་རྒྱུགས་ལེན་དུས་ཚོད་ལའང་འགྱུར་ལྡོག་ཕྱིན་ཡོད་པ་སྟེ། རྒྱ་ཡིག་དང་རྩིས་རིག ཕྱི་སྐད་བཅས་གཅིག་གྱུར་ཐོག་རྒྱུགས་ལེན་བྱེད་པའི་རིག་ཚན་སྤྱི་ཟླ་6ཚེས་7ཉིན་དང་སྤྱི་ཟླ་6ཚེས་8ཉིན་གྱི་ཕྱི་དྲོར་བཀོད་སྒྲིག་བྱས་པ་དང་། འདེམས་རྒྱུགས་རིག་ཚན་སྤྱི་ཟླ་6ཚེས་8ཉིན་གྱི་སྔ་དྲོ་དང་སྤྱི་ཟླ་6ཚེས་9ཉིན་བཀོད་སྒྲིག་བྱས་ཡོད། གཞན་ཡང་། སློབ་གྲྭ་འདེམས་པའི་ཐོ་འགོད་ཐད་ལའང་མི་འདྲ་ས་ཆེན་པོ་ཡོད་པ་རེད།   ས་གནས་མང་པོ་ཞིག་གིས་མཐོ་འབྲིང་ལོ་རིམ་གསུམ་པའི་སྐབས་ནས་སློབ་མ་སྒྲིག་འཛུགས་བྱས་ནས་མིང་ཐོ་འགོད་པ་དང་། ཡིག་རྒྱུགས་གཏོང་བ། སློབ་གྲྭ་འདེམས་པའི་ཐོ་འགོད་སོགས་བརྒྱུད་རིམ་ཡོངས་གོམས་འདྲིས་ཡོང་བར་བྱེད་པའི་ཚོད་ལྟའི་ནང་སྦྱོང་བྱས་ཡོད།
     མིག་སྔར་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུན། ཧའེ་ནན་བཅས་ཞིང་ཆེན་དྲུག་གིས“3+3”གྱི་རྣམ་པ་སྤྱད་པ་དང་། ཞིང་ཆེན་གཞན་23གྱིས“3+1+2”རྣམ་པ་སྤྱད་ཡོད།
 “3+3”ཀྱི་རྣམ་པ། 3དང་པོ་དེས་རྒྱ་ཡིག་དང་རྩིས་རིག ཕྱི་སྐད་བཅས་གཅིག་གྱུར་གྱི་མཐོ་རྒྱུགས་རིག་ཚན་གསུམ་མཚོན་གྱི་ཡོད། 3གཉིས་པ་དེ་བསམ་བློ་ཆབ་སྲིད་དང་། ལོ་རྒྱུས། ས་ཁམས། དངོས་ཁམས། རྫས་འགྱུར། སྐྱེ་དངོས་སོགས་ཀྱི་ཁྲོད་ནས་གང་འདོད་ལྟར་རིག་ཚན་གསུམ་འདེམས་པར་གོ་དགོས།