ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྡེ་ཁུལ་རྙིང་པ་སྒྱུར་བཀོད་ལས་འགོ་འཛུགས་ཚད་50%ལས་བརྒལ་བ།

སྤེལ་དུས 2025-07-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       གསར་འགོད་པར་ཉེ་ཆར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཤར་ཚུན་ས་ཁུལ་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བས་ཞིང་ཆེན་མང་པོ་ཞིག་གི་ལས་འགོ་འཛུགས་ཚད་50%ལས་བརྒལ་ཡོད།
       པེ་ཅིང་དུ་མིག་སྔར་སྡེ་ཁུལ་རྙིང་པ་442གསར་དུ་སྒྱུར་བཀོད་བྱེད་འགོ་ཚུགས་པ་དེས་གྲོང་མི་དུད་ཚང་ཁྲི་12ཙམ་ལ་ཕན་པ་ཐོབ་ཡོད། ལེའོ་ཉིང་གིས་འདི་ལོ་སྡེ་ཁུལ་རྙིང་པ་500སྒྱུར་བཀོད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་སྤྱི་ཟླ་5པའི་ཟླ་མཇུག་བར་ཚང་མ་ལས་འགོ་ཚུགས་ཡོད་པ་རེད། ཨན་ཧུའེ་ཡིས་འདི་ལོ་སྡེ་ཁུལ་ཆུང་རྙིང་པ་1129སྒྱུར་བཀོད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་མིག་སྔར་ལས་འགོ་འཛུགས་ཚད་72.81%ཟིན་གྱི་ཡོད་པ་རེད། ཁྲུང་ཆིང་དུ་འདི་ལོ་སྡེ་ཁུལ་རྙིང་པ་1227གསར་དུ་སྒྱུར་བཀོད་བྱེད་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ་དང་མིག་སྔར་སྡེ་ཁུལ་937སྒྱུར་བཀོད་བྱེད་འགོ་ཚུགས་པ་དང་ལས་འགོ་འཛུགས་ཚད་75%ལས་བརྒལ་ཡོད།
       དེ་དང་དུས་མཚུངས་སུ་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་གྱིས་སྡོད་ཁང་གི་གློག་སྐས་རྙིང་པ་གསར་སྒྱུར་དང་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ལས་ཀར་ཡང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས།སྤྱི་ཟླ་6པ་བར་སླེབས་དུས་ཡུན་ཧ་ཅང་རིང་བའི་དམིགས་གསལ་རྒྱལ་བུན་མ་དངུལ་གྱིས་རིམ་རྩིས་བྱས་ན་ས་གནས་ཁག་གི་སྡོད་ཁང་གི་གློག་སྐས་རྙིང་པ་ཁྲི་4.1གསར་སྒྱུར་བྱ་རྒྱུར་རྒྱབ་སྐྱོར་བྱས་པས་གྲོང་མི་ཁྲི་170ལ་ཕན་པ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། སྤྱི་ལོ་2025ལོར་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་180བཀོད་སྒྲིག་བྱས་ནས་གནས་ཁག་གིས་གློག་སྐས་རྙིང་པ་ཁྲི་12གསར་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཡོད།