སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་དམངས་འཚོ་གཙོ་བོར་འཛིན་གྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བསྒྲུབ་རྒྱུའི་བྱ་བ་ནི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བསྟན་གནང་ཡོད། “ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པ་མཐའ་འཁྱོངས་དང་། གོང་འཕེལ་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཤུགས་ཆེ་ལ་དྲོད་འཁོལ་ལྡན་པ་དང་རེག་ཚོར་ཐུབ་པའི་དམངས་འཚོའི་སྲིད་ཇུས་མུ་མཐུད་དུ་བཏོན་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་དྲང་གཞག་ངང་ཕན་པ་དེ་བས་མང་བ་ཐོབ་པར་བྱས་ཡོད།
གསེར་མདོག་སྟོན་གྱི་དུས་སུ། རྒྱལ་སྲིད་དར་ཞིང་མི་དམངས་བདེ་ལ་འཁོད་པ་དང་། དགེ་མཚན་ཁྲི་སྟོང་མང་པོས་ཕྱུག་ཡོད།
ལོ་ལྔ་འདིའི་རིང་། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་མ་ལག་བསྐྲུན་པ་མ་ཟད་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ། མི་དམངས་དུང་ཕྱུར་14ལྷག་ཙམ་ལ་བློ་བདེ་བག་ཕེབས་ཀྱི་བདེ་སྐྱིད་བསྐྲུན་ཡོད། 2024ལོའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79ལ་སླེབས་ནས་ཡོང་འབབ་མཐོ་འབྲིང་རྒྱལ་ཁབ་ཁྲོད་ཀྱི་མདུན་གྲལ་དུ་སླེབས་ཡོད།
ཁྱོན་ཡོངས་ནས་འབྱོར་འབྲིང་གི་དམིགས་འབེན་མངོན་འགྱུར་བྱུང་རྗེས། མི་དམངས་ཀྱིས་འཚོ་བར་བཅངས་པའི་རེ་སྒུག་དེ་སྔར་ལས་མཐོ་རུ་ཕྱིན་ཡོད་དེ། “ཡོད་མེད”ལ་ཡིད་མི་ཚིམ་པར“བཟང་མིན”དོན་གཉེར་བྱེད་བཞིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྒུག་སྔར་ལས་ཆེ་རུ་ཕྱིན་ཡོད།
དམངས་ཀྱིས་རེ་སྒུག་བྱེད་ས་ནི་སྲིད་འཛིན་གྱི་ཁ་ཕྱོགས་ས་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་ཐོག་མའི་སྐུལ་སློང་དང་མཐར་གཏུགས་ཀྱི་དམིགས་འབེན་དུ་བརྩི་དགོས། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། “དངོས་པོའི་ཐད་མ་དངུལ་འཇོག་པ”དང“མིའི་ཐད་མ་དངུལ་འཇོག་པ”ཟུང་འབྲེལ་དམ་ཟབ་བྱས་ཏེ། མི་ཕྱོགས་ཡོངས་ནས་གོང་འཕེལ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་འོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་བགྲོད་ལམ་ཐོག་སྔ་ཕྱི་བར་གསུམ་དུ་དམངས་འཚོར་དྲོད་འཁོལ་གྱིས་ཁེངས་ཡོད།
ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཉམས་ལེན་འབད་སྒྲུབ་གནང་སྟེ། དམངས་འཚོར་རྟོག་ཞིབ་གནང་ཡོད། ཁོང་གི་ཐུགས་ནང་ཚལ་དང་འབྲས། ཤིང་འབྲས་སོགས་ཚང་མ་ནི་དམངས་འཚོའི་དོན་ཆེན་ཡིན་པས། ཁོང་ནས། ཚང་མས་བཟའ་བཅའ་ཡག་པོ་དང་རྒྱུ་གཙང་སྤུས་གཙང་ཟ་ཐུབ་པ་བྱེད་དགོས་པའི་མངག་བཅོལ་ནན་པོ་གནང་བ་དང་། ཁོང་ས་གནས་ཁག་གི་སྡེ་ཁུལ་དུ་ཕེབས་ཏེ་བདེ་སྐྱིད་ཟ་ཁང་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ། སྡེ་ཁུལ་རྙིང་པ་བསྒྱུར་བཀོད་བཅས་ལ་གཟིགས་ཞིབ་གནང་ཞིང་། སྡེ་ཁུལ་གྱི་བཅོས་སྐྱོང་ཞིབ་ཚགས་དང་གནད་ལ་འཁེལ་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། སྡེ་ཁུལ་དེ་གྲོང་མིའི་བློ་བདེ་ཤོས་ཀྱི་ཁྱིམ་གཞིས་ཤིག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། སློབ་གྲྭར་ཕེབས་སྐབས། ཁོང་གིས། འཛམ་གླིང་གི་སློབ་ཆེན་རྩེ་གྲ་བསྐྲུན་དགོས་པ་དང་། སློབ་སྦྱོང་གི་ཁུར་པོ་ལྕི་པོ་དང་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་ཁུར་པོ་ཡང་དུ་བཏང་ནས། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས།ལས་གནས་ཐོན་ཁུངས་སྔར་བས་སྔོག་འདོན་དང་ལས་ཞུགས་མཛུབ་ཁྲིད་ཞབས་ཞུ་ཏན་ཏིག་དང་ཞིབ་ཕྲ་བྱེད་པ་ནས་མི་དམངས་མང་ཚོགས་ཀྱི་སྡོད་ཁང་ཐད་ཀྱི་སྣ་མང་ཅན་གྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བའི་བར་དང་། ཁོར་ཡུག་མཛེས་སྡུག་ལྡན་པ་དང་ལྗང་མདོག་ཐཱན་ཉུང་། འཚོ་སྡོད་དང་འཚམ་པ་དང་ཡུལ་སྐོར་དང་འཚམ་པའི་འབྱུང་ཁམས་གྲོང་ཁྱེར་བསྐྲུན་པའི་བར་སོགས་ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་དང་། དམངས་འདོད་ལ་གསན་པ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་། དུས་རྣམ་ཀུན་ཏུ་མི་དམངས་ཡོངས་ཀྱི་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་གཞིགས་ནས་བསྒྱུར་བཅོས་དང་གོང་འཕེལ་འཆར་འགོད་གནང་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དམིགས་ཚད་གཙོ་བོའི་ཁྲོད། དམངས་འཚོའི་དམིགས་ཚད་ཀྱིས་རྣམ་གྲངས་7བཟུང་ཡོད་ཅིང་། དམིགས་ཚད་ཁག་20ལྷག་གི་གསུམ་ཆ་གཅིག་ལྷག་ཙམ་ཟིན་པས། ལོ་ལྔ་ཚན་གྱི་འཆར་འགོད་ཐེངས་སྔོན་མའི་ཁྲོད་ཀྱི་མཐོ་ཤོས་ཡིན། ལོ་ལྔའི་རིང་། དམངས་འཚོའི་ཁྱབ་ཁོངས་སུ་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་ཁྲི་བརྒྱ་ཙམ་བཏང་བ་དེས་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་བརྒྱ་ཆ་70ཡན་ཟིན་ཡོད།
དེ་ནི་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ལས་ཞུགས་ཚོགས་སྤྱི་སྤུས་ཚད་མཐོ་པོས་ལས་ཞུགས་ཐུབ་པ་དང་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་དྲ་བ་རྒྱུན་ཆད་མེད་པར་དམ་ཟབ་བཙུགས་པའི་ལོ་ལྔ་ཡིན། སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་རྩེ་རིམ་ཇུས་འགོད་བཏོན་ནས། དམངས་འཚོའི་རྨང་གཞི་བརྟན་དུ་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་ལྟར་བརྟན་པོའི་ངང་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་1200ཡན་ཟིན་པ་དང་། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་བ་དང་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་བ་གཉིས་གཞི་རྩའི་ཆ་ནས་དུས་མཉམ་ཡིན་པ། མི་དམངས་མང་ཚོགས་ལ་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་81དྲང་གཞག་ངང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
དེ་ནི་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་མ་ལག་འཛུགས་པ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་ལོ་ལྔ་ཡིན། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་བརྒྱ་ལྷག་ཙམ་བསྐྲུན་པ་དང་། དབུས་ནུབ་རྒྱུད་སོགས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་བལྟོས་བཅས་ཞན་པའི་ཞིང་ཆེན་ཡོངས་ལ་ཁྱབ་པ་དང་། རྫོང་རིམ་པའི་སྨན་ཁང་700ལྷག་ཙམ་གྱི་ཞབས་ཞུའི་ནུས་པ་རིམ་གསུམ་སྨན་ཁང་གི་ཆུ་ཚད་དུ་སླེབས་ཡོད་པས། སྨན་བཅོས་ཐོན་ཁུངས་ཞན་པའི་ས་ཁུལ་དུ“ནད་གཞི་ལྟ་དཀའ་བའི”གནད་དོན་ནུས་ལྡན་ངང་ཞི་འཇགས་སུ་བཏང་ཡོད།
དེ་ནི་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་བའི་ལོ་ལྔ་ཡིན། སློབ་ལོ་མ་ལོན་གོང་གི་ཕྲུ་གུ་སློབ་གྲྭར་ཞུགས་ཐུབ་ཚད་བརྒྱ་ཆ་92ཟིན་པ་དང་། རྨང་གཞིའི་སློབ་གསོ་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པ། མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི་དུས་རིམ་དུ་སླེབས་པ་བཅས་བྱུང་ཡོད།
དེ་ནི“རྒན་བྱིས་གཉིས”གཙོ་གནད་དུ་བཟུང་ནས་མི་འབོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ་དང་མི་འབོར་ཡུན་རིང་དོ་སྙོམས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བའི་ལོ་ལྔ་ཡིན། བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བའི་བྱིས་གསོའི་སློབ་གསོའི་གྲོན་དངུལ་རྩ་ཆག་བཏང་བ་དང་། ཕྲུ་གུ་བཙའ་བའི་ངལ་གསོའི་དུས་ཚོད་རིང་དུ་བཏང་བ། ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་དངུལ་སྤྲོད་པ་སོགས་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ཡོད། 2024ལོར། རྒྱལ་ཡོངས་སུ་བཅོལ་གསོ་བྱེད་གནས་ཁྲི་574ཟིན་ཞིང་། དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དུས་མཇུག་ལས་བརྒྱ་ཆ་125འཕར་ཡོད། རྒྱལ་ཡོངས་ཀྱི་རྒན་གསོའི་ལས་ཁུངས་དང་སྒྲིག་བཀོད་ཁག་2020ལོ་ལས་ཁྲི་7.7མང་དུ་ཕྱིན་པ་དང་། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་དེ་རྒན་རྒོན་དུང་ཕྱུར་1.9ལ་ཁྱབ་ཡོད།
དེ་ནི་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་སྐོང་བ་དང་རིམ་པ་མང་བའི་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་འགྲོ་མགྱོགས་ཤོས་ཀྱི་ལོ་ལྔ་ཡིན། སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ་6200ལྷག་ཙམ་གྱིས་གྲོང་མི་དུང་ཕྱུར་1.29ཡི་འཚོ་བ་སྔར་བས་སྐྱིད་སྣང་དོད་པ་དང་སྟབས་བདེ་རུ་བཏང་བ་དང་། སྤྱི་གླིང་ཆུང་གྲས་ཁྲི་4.8ལྷག་ཙམ་དང་སྤྱི་ལེ་ཁྲི་12.8ཡོད་པའི་ལྗང་མདོག་ལམ་བུས་རང་གི་མཛེས་དཔལ་ངོམས་ནས། གནས་སྡོད་དང་འཚམ་པའི་གྲོང་ཁྱེར་བསྐྲུན་པ། རྒྱལ་ཐོན་གློག་བརྙན་དང་། དབྱིངས་ཚུད་རྣམ་པའི་འཁྲབ་སྟོན། རིག་གནས་ཐོན་རྫས་སྣ་ཚོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། ཚོང་ལས་དང་རིག་གནས། ཡུལ་སྐོར། ལུས་རྩལ། བདེ་ཐང་བཅས་སྣ་མང་ཅན་གྱི་རྣམ་པ་མཉམ་འདྲེས་གཏིང་ཟབ་ཏུ་ཕྱིན་ནས། མི་རྣམས་ཀྱི་རང་འདོད་ཅན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད།
ཁྱིམ་དོན་རྒྱལ་དོན་གནམ་འོག་གི་དོན་གང་ཞིག་ལས་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱེད་པ་ནི་དོན་ཆེན་ཨང་དང་པོ་དེ་ཡིན། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་བའི་ཁྲོད། མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ཙམ་ལ་ཁྱོན་ཡོངས་ནས་གོང་འཕེལ་སྔར་ལས་ཡག་པ་ཡོང་བ་དང་། ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་སྔར་ལས་མང་བ་ཐོབ་རྒྱུ་རེད།