སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་འཛུགས་སྐྲུན་ས་ཁུལ་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།
སྤེལ་དུས 2025-10-31
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས《སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་འཛུགས་སྐྲུན་ས་ཁུལ་ཁག་དང་པོའི་མིང་ཐོ་འགྲེམས་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཏེ། “པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ཅིན་ཧའེ་མཚེའུ་ཕྱི་རོལ་ལུས་རྩལ་དམིགས་ས”སོགས་དམིགས་ས་ཁག་49སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་འཛུགས་སྐྲུན་ས་ཁུལ་གྱི་མིང་ཐོའི་ནང་བཅུག་ནས་གཙོ་གནད་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
བརྡ་ཐོའི་ནང་ཁ་གསལ་བཏོན་དོན། སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་འཛུགས་སྐྲུན་བྱ་རྒྱུ་དེ་ཚོད་ལྟའི་དཔེ་སྟོན་ནམ་ཡང་ན་སྒོ་བྱང་བཀལ་ནས་མིང་བཏགས་པ་ཙམ་མིན་པར། ཕྱི་རོལ་ལུས་རྩལ་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡོད་པའི་ས་ཁུལ་ལ་དེ་བས་གནད་ལ་འཁེལ་བའི་རྒྱབ་སྐྱོར་དང་ནུས་པ་འདོན་ཆེད་ཡིན་ལ། གནས་ཀྱིས་ཁྱོན་ཁྲིད་དེ་རང་རྒྱལ་གྱི་ཕྱི་རོལ་ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། མིང་ཐོའི་ནང་ཚུད་པའི་ས་ཁུལ་གྱིས་སྔོན་ལ་འཆར་འགོད་དང་རྗེས་ལ་འཛུགས་སྐྲུན་དང་སྐྱེ་ཁམས་སྔོན་འཇོག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་དམར་ཐིག་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ནས། སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་འཛུགས་སྐྲུན་དང་རང་བྱུང་ཁོར་ཡུག་གཉིས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་དགོས།
བརྡ་ཐོའི་ནང་བཏོན་དོན། སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་ཁག་དང་པོའི་ལེ་ལག་ཚང་བའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་བདེ་འཇགས་ལ་འགན་ལེན་དང་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་གྱི་ཕྱོགས་སྟོན་དང་ཟུང་འབྲེལ་བྱས་ནས་རྣམ་གྲངས་གྲབས་གསོག་བྱེད་དགོས། དམིགས་ས་གནས་སའི་ས་ཁུལ་གྱི་ལུས་རྩལ་སྲིད་འཛིན་སྡེ་ཚན་གྱིས་ཕུན་སུམ་ཚོགས་པའི་འགྲན་བསྡུར་བྱེད་སྒོ་གཉེར་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐོང་འཐེན་ཧུར་ཐག་བྱས་ཏེ་དམིགས་སའི་དོ་དམ་གཉེར་སྐྱོང་ནང་ཞུགས་དགོས།