སྡེ་ཚན་མང་པོས་དེང་རབས་ཅན་གྱི་གཞུང་ཁོངས་ནགས་ར་གང་མགྱོགས་བསྐྲུན་རྒྱུར་བཀོད་སྒྲིག་བྱས་པ།
སྤེལ་དུས 2025-11-21
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཉེ་དུས། གཞུང་ཁོངས་ནགས་རའི་སྒྱུར་བཅོས་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་བ་དང་གཞུང་ཁོངས་ནགས་ར་དེང་རབས་ཅན་གྱི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། དེང་རབས་ཅན་གྱི་གཞུང་ཁོངས་ནགས་རའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན་བཅས་ཁ་གསལ་བཟོ་བ། གཞུང་ཁོངས་ནགས་རས“རི་གཉིས”ཀྱི་འདུ་ཤེས་ལག་བསྟར་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རིང་ནུས་པ་དེ་བས་ལེགས་པ་འདོན་པར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས《དེང་རབས་ཅན་གྱི་གཞུང་ཁོངས་ནགས་ར་གང་མགྱོགས་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་ལས་འགན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་2030ལོར་སླེབས་སྐབས་གཞུང་ཁོངས་ནགས་རའི་དོ་དམ་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་དང་རྩིས་གཞི་རེའི་རྒྱ་ཁྱོན་གྱི་ནགས་ཚལ་གསོག་འབོར་5%ཙམ་མཐོ་རུ་འགྲོ་རྒྱུའི་བརྩོན་ལེན་བྱས་ཏེ། ཐོན་ཁུངས་ཀྱི་སྤུས་ཚད་ལེགས་པ་དང་། སྐྱེ་ཁམས་ནུས་པ་བརྟན་པ། ཐོན་ལས་འཕེལ་རྒྱས་ལེགས་པ་བཅས་ཀྱི་དེང་རབས་ཅན་གྱི་གཞུང་ཁོངས་ནགས་རའི་མ་ལག་ཅིག་རགས་ཙམ་གྲུབ་པར་བྱས་ནས་ནགས་ཁུལ་དང་རི་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཕར་གཞི་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་པ་དང་། 2035ལོར་སླེབས་སྐབས་གཞུང་ཁོངས་ནགས་རའི་སྐྱེ་ཁམས་སྤུས་ཚད་རྒྱུན་མཐུད་ལེགས་སུ་དང་རྩིས་གཞི་རེའི་རྒྱ་ཁྱོན་གྱི་ནགས་ཚལ་གསོག་འབོར་11%ཙམ་མཐོ་རུ་འགྲོ་བའི་བརྩོན་ལེན་བྱས་ཏེ། དེང་རབས་ཅན་གྱི་གཞུང་ཁོངས་ནགས་རའི་མ་ལག་གཞི་རྩའི་ཆར་གྲུབ་པར་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། ནགས་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་མཁོ་འདོན་བཅས་ཀྱི་གཙོ་ཤུགས་དམག་ཏུ་འགྱུར་བ་བྱེད་དགོས་ཞེས་བཏོན་ཡོད།